ས་མཐོར་གཞི་ཚུགས་ནས་མཁའ་ལམ་བརྟན་སྲུང་བྱེད་པ།
རྒྱལ་ཡོངས་ལྕགས་ལམ་གྱི“མཁའ་ལམ་གདོང་ལེན་པ”དབང་ཡའོ་ཝུན་གྱི་སྐོར་བཀོད་པ།
ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་པའི་ནག་ཆུར་རྟག་ཏུ་རླུང་ཆེན་ལྡང་བ་དང་། གནམ་གཤིས་གྲང་བ། ཁ་བ་བུ་ཡུག་འཚུབ་པ་བཅས་ནི་དུས་བཞིའི་རྒྱུན་གཏན་གྱི་རྣམ་པ་ཞིག་ཡིན་ཞིང་། འདི་གར་ལོ་18རིང་ལས་ཀ་དང་འཚོ་བ་སྐྱེལ་མྱོང་བའི་མཚོ་བོད་ལྕགས་ལམ་ནག་ཆུའི་འབབ་ཚུགས་ཀྱི་འགྲུལ་སྐྱེལ་བ་དབང་ཡའོ་ཝུན་སྔ་ས་ནས་དེར་གོམས་ཡོད།
འདི་ལོ་ནི་དབང་ཡའོ་ཝུན་གྱིས་ལྕགས་ལམ་གྱི་ལས་ལ་གཞོལ་ནས་ལོ་35སོང་བའི་ལོ་རེད། 2007ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པའི་ལོ་གཉིས་པར་ཁོང་གིས་རང་འགུལ་ངང་ནག་ཆུའི་འབབ་ཚུགས་སུ་བསྐྱོད་རྒྱུའི་རེ་བ་ཞུས་ཡོད།
“འདི་གར་མ་ཡོང་གོང་ནས་དཀའ་ངལ་ཆེན་པོ་ཡོད་པ་གོ་ཐོས་བྱུང་། དངོས་སུ་འདིར་སླེབས་སྐབས་གོ་ཐོས་བྱུང་བ་ལས་ཀྱང་དཀའ་ཚེགས་ཆེ་བ་འདུག”ཅེས་དབང་ཡའོ་ཝུན་གྱིས་བཤད་པ་དང་། ཁོང་གིས་མུ་མཐུད“འདིར་སྐད་ཆ་མང་ཙམ་བཤད་ན་ལམ་སེང་དབུགས་ཧལ་ཡོང་གི་འདུག་ལ། གོམ་པ་མགྱོགས་པོ་ཁ་ཤས་སྤོས་ན་ཡང་བྲང་ཁ་བསྡམས་ཡོང་གི་འདུག དགུན་དུས་ཀྱི་མཚན་མོར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་སུམ་ཅུ་བཞི་བཅུ་ཙམ་ཟིན་པ་དང་ཁ་བ་བུ་ཡུག་འཚུབ་ན་གོང་བ་དང་ཕུ་ཐུང་ནང་དུའང་ཁ་བ་འཛུལ་ཡོང་གི་འདུག མེ་འཁོར་བསུ་སྐྱེལ་དང་། གངས་གསོག་གཙང་ཕྱགས། འབབ་ཚུགས་སུ་འཁྱགས་པ་འཕྱག་པ་སོགས་ལས་ཀ་ཚང་མ་ཕྱི་རོལ་ཏུ་བྱེད་དགོས། ཕྱི་ལ་ལས་ཀ་ཐེངས་གཅིག་བྱས་རྗེས་རྫི་མའི་སྟེང་དུ་འཁྱགས་པ་ཐེབས་ལ། ཏ་དབྱི་དང་བ་ལན་གྱི་གོང་བར་ཡང་འཁྱགས་པ་ཐེབས་ནས་མཁྲེགས་པོར་འགྱུར་གྱི་འདུག”ཅེས་བཤད།
འོན་ཀྱང་དབང་ཡའོ་ཝུན་གྱིས་དཀའ་ངལ་གྱི་མདུན་དུ་ཕྱི་བཤོལ་ཡེ་ནས་བྱེད་མྱོང་མེད། “མཁའ་ལམ་འདི་ཡིས་ལྗོངས་ཕྱི་ནང་གི་དུད་ཚང་ཁྲི་སྟོང་མང་པོ་དམ་དུ་སྦྲེལ་ཡོད། འདི་ནི་དམངས་འཚོའི་ལམ་བུ་དང་། མཐུན་སྒྲིལ་གྱི་ལམ་བུ། འགན་ལེན་གྱི་ལམ་བུ་བཅས་རེད། མེ་འཁོར་རྟག་ཏུ་སྐྱོད་དགོས་པས། དེར་སྲུང་སྐྱོང་བྱེད་མཁན་ཞིག་ཅིས་ཀྱང་དགོས་པ་རེད། ང་རང་ནི་ཏང་ཡོན་ཞིག་ཡིན་པས། ཕྱི་བཤོལ་བྱས་ན་ག་ལ་འགྲིག”ཅེས་བཤད།
དོན་དུའང་ཁོང་གིས་འདིར་མེ་འཁོར་བསྲུངས་ནས་ལོ་18སོང་ཡོད།
“དཀའ་ངལ་ཁྱད་བསད་བྱས་པ་ཁོ་ནས་འགྲིག་གི་མེད། ས་བབ་མཐོ་ཡང་ཞབས་ཞུའི་ཚད་གཞི་དམའ་རུ་གཏོང་མི་རུང་། གསོ་རླུང་དཀོན་ཡང་ཞབས་ཞུའི་སྤྲོ་སེམས་ཆུང་དུ་གཏོང་མི་རུང”ཞེས་པ་དེ་ནི་དབང་ཡའོ་ཝུན་གྱིས་ཐོག་མཐའ་བར་གསུམ་དུ་སེམས་ནས་མི་དོར་བའི་ཚད་གཞི་རེད།
ས་མཐོར་ཡུལ་སྐོར་བར་ལ་དུག་ཕོག་ཉེན་ཧ་ཅང་ཆེན་པོ་ཡོད། དེས་ན། ཁོམ་པ་བྱུང་སྐབས། ཁོང་གིས་གློ་སྙིང་གསོ་ཐབས་སྦྱངས་ནས་མྱུར་སྐྱོབ་ཀྱི་གོ་རིམ་རེ་རེ་དང་མྱུར་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་སེམས་ལ་ངེས་པར་བྱེད་ཀྱི་ཡོད། འགྲུལ་པར་གོ་བརྡ་སྤྲོད་པའི་གནད་དོན་ཐག་གཅོད་བྱ་ཆེད། ངལ་གསོ་རྒྱག་སྐབས། ཁོང་གིས་བོད་རིགས་ལས་རོགས་ཚོའི་ས་ནས་རྒྱུན་སྤྱོད་ཀྱི་བོད་སྐད་སྦྱོང་བ་དང་། ཟིན་བྲིས་ཐོག་སྒྲ་སྦྱོར་ཡི་གེས་སྒྲ་གདངས་ཇི་ལྟར་འདོན་དགོས་མིན་རྡག་རྡག་བྲིས་ཡོད། སྦྱང་བྱའི་ནང་དོན་གྱི་ཆ་ནས་བཤད་ན། རྒྱུན་གཏན་གྱི་འཚམས་འདྲི་ནས་སྤ་སེ་ཉོ་བ་དང་། མེ་འཁོར་བརྗེ་བ། རོགས་སྐྱོབ་རེ་འདུན་ཞུ་བ། བློ་འདྲི་བ་སོགས་མང་པོ་ཡོད་པས། ཞབས་ཞུ་དང་འབྲེལ་གཏུག་གི་བཀག་རྒྱ་ཡོངས་སུ་གཏོར་ཐུབ་ཀྱི་ཡོད།
དབང་ཡའོ་ཝུན་གྱི་ངོས་ནས་བརྗོད་ན། འབབ་ཚུགས་ཡག་པོ་སྲུང་བ་དང་འགྲུལ་པར་ཞབས་འདེགས་ཡག་པོ་ཞུ་བ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། “མཐར་སོན་ལ་འགྲན་སློང་དང་རྩེར་སོན་གཏོད་ཕོད་པའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་འགན་འཁྲི་དང་ལས་འགན་ཞིག་རེད།
ནག་ཆུའི་འབབ་ཚུགས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པས། ལོ་ལྟར་ནག་ཆུར་ཐོག་མར་ཡོང་མཁན་ན་གཞོན་ལས་བཟོ་མང་ཆེ་བ་གསོ་རླུང་མི་འདང་བ་དང་ལྷགས་པ་ཆེན་པོར་གོམས་ཀྱི་མེད། ཉིན་ཤས་སོང་མ་ཐག་མིག་ཆུ་གཏོང་བ་དང་ཐ་ན་དཀའ་ངལ་གྱི་མདུན་དུ་ཕྱིར་བཤོལ་རྒྱག་གི་ཡོད། སྐབས་དེར་དབང་ཡའོ་ཝུན་གྱིས“ཇོ་ལགས”ཀྱི་ངང་ཚུལ་བཟུང་ནས་ཁོ་ཚོར་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།
ཁོམ་པ་བྱུང་སྐབས་ཁོང་གིས་ཇ་ཚ་པོ་ཞིག་སྦངས་ནས་ན་གཞོན་ལས་རོགས་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གླེང་བ་དང་། རང་ཉིད་ཐོག་མར་ས་མཐོར་ཡོང་སྐབས་དཀའ་ངལ་ཇི་ལྟར་འཕྲད་པའི་སྐོར་གླེང་བ། ལྕགས་ལམ་ལས་བཟོ་རྒན་རབས་ཚོས་ཐང་སྟོང་དུ་གུར་བརྒྱབ་ཅིང་རྒྱགས་ཕྱེ་བཟས་ནས་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་འདས་དོན་བརྗོད་པ་བཅས་བྱེད་ཀྱི་ཡོད་ལ། མཁའ་ལམ་དེ་བོད་ལྗོངས་བར་བཟོས་པའི་དོན་སྙིང་གལ་ཆེན་བཤད་ནས་ན་གཞོན་ལས་རོགས་ཚོའི་སེམས་ནང་གི་དོགས་གནད་སེལ་ཐབས་བྱེད་ཀྱི་ཡོད།
ལས་སྒྲུབ་བྱ་ཡུལ་དུ་ཁོང་གིས་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཀྱི་ཡོད་ཅིང་། ལས་མི་གསར་པར་དམར་ཁྲིད་ཀྱིས་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་རྒྱུས་མངའ་ཡོང་བ་བྱེད་པ་མ་ཟད། རང་ཉིད་ཀྱིས་ལོ་18རིང་བསགས་པའི་ལ་དུག་སེལ་ཐབས་དང་། འགྲུལ་པར་འབྲེལ་གཏུག་བྱེད་ཐབས། འཕྲལ་སྡོམ་ཐག་གཅོད་ཀྱི་མན་ངག་བཅས་ཆད་ལུས་མེད་པའི་སྒོ་ནས་ན་གཞོན་ལས་བཟོར་སློབ་ཀྱི་ཡོད་པ་རེད།
“དགེ་ཕྲུག་འཁྲིད་པ་ནི་ལས་སྒོའི་ཤེས་བྱ་སློབ་པ་ཙམ་མ་ཡིན་པར་སྤྱོད་ཚུལ་བརྒྱུད་སྤེལ་བྱས་ཏེ། དཀའ་སྤྱད་ལེགས་སྐྱེས་འབུལ་བའི་ངར་ཤུགས་དང་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས”ཞེས་དབང་ཡའོ་ཝུན་གྱིས་བཤད།
འདི་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་20འཁོར་བའི་ལོ་རེད། ལོ་བཅུ་ཕྲག་ཁ་ཤས་རིང་གངས་ལྗོངས་སུ་སྐད་གྲགས་མེད་པའི་ངང་ནས་ལེགས་སྐྱེས་འབུལ་བ་དང་ཉམས་སད་ཐེག་ཐུབ་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས། དབང་ཡའོ་ཝུན་ལ་རྒྱལ་ཡོངས་ལྕགས་ལམ་གྱི“མཁའ་ལམ་གདོང་ལེན་པའི”གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
གཟི་བརྗིད་ཀྱི་མདུན་དུ་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་དང་འཚབ་འཚུབ་མེད་པའི་སྒོ་ནས“དེ་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པ་ལས་མཇུག་བསྡུ་ས་ཞིག་མ་རེད”ཅེས་རྗོད་བཞིན་ཡོད། དེང་གི་ཆར་ཁོང་གིས་སླར་ཡང་རང་འགུལ་ངང་ས་བབ་སྨི་4702ཟིན་པའི་ཨ་མདོའི་འབབ་ཚུགས་སུ་སྐྱོད་པའི་རེ་འདུན་ཞུས་ནས་ས་བབ་དེ་བས་མཐོ་བའི་གངས་ལྗོངས་ཀྱི་འབབ་ཚུགས་སུ་མུ་མཐུད་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།