ལམ་ཟུར་གྱི་མངོན་ཆེ་བའི“སེམས་དྲོད་ཁང་པ”སྔོན་པོ་ཞིག
——ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིཌ་ཀྱི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས“ཉེན་རྟོག་པའི་སྟོབས་ཤུགས་ལ་ཚད་བཀག་ཡོད་རུང་དམངས་ཀྱི་སྟོབས་ཤུགས་ལ་ཚད་བཀག་མེད་པའི”འདུ་ཤེས་མཐའ་འཁྱོངས་བྱས་ནས། “ཉེན་རྟོག་པ་དང་དྲ་མིག་ལས་དོན་པ་མཉམ་འདྲེས་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། སྡེ་ཚན་མང་པོ་མཉམ་འབྲེལ་གྱིས་བཅོས་སྐྱོང་གི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་གསོན་ཉམས་དོད་པའི་ལེའུ་ཞིག་རྩོམ་བཞིན་ཡོད་པ་རེད།
“བཀོད་འདོམས་པ”ནས“འཐབ་འཛིང་པའི”བར་གྱི་འགྱུར་བ།
ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་དུས་རབས་གསར་པའི་ཉེན་རྟོག་ལས་དོན་གྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ། གཞི་རིམ་གྱི་ཉེན་རྟོག་པ་དཀོན་པ་དང་ལས་འགན་ལྕི་བའི་འགལ་བ་བསལ་ཞིང་། ས་ཚིགས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ“སྡེ་ཁུལ་གྱི་ཉེན་རྟོག་པའི་གདོང་ལེན་རུ་ཁག”བཙུགས་ནས“གཞུང་ལས་ཁང་དུ་གཞུང་དོན་སྒྲུབ་པ”ནས“རང་འགུལ་ངང་བཅོས་སྐྱོང་བྱེད་པའི”ཕྱོགས་སུ་བསྒྱུར་ཡོད།
ཀྲན་ཀྲང་དང་སློབ་སྟོན་པས་སྣེ་ཁྲིད་དེ་རྙོག་འཛིང་ཆེ་བའི་ཁུལ་ཆུང་དང་ལས་རིགས་ཁག་གི་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ། མང་ཚོགས་ཀྱི་སྒོ་རྩར་གཞུང་དོན་བསྒྲུབས་ཡོད། གདོང་ལེན་རྗེས་གྲབས་རུ་ཁག་དེས་བྱ་སྤྱོད་དངོས་ལ་བརྟེན་ནས་དཔུང་སྡེ་ཧྲིལ་པོའི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཡོད། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས“དྲ་མིག་ཉེན་རྟོག་པ”བྱས་ཏེ“ཁྱིམ་ཚང་མང་པོར་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་བྱེད་པའི”བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཞིང་། འཚང་གཡོལ་འདྲི་རྟོགས་དང་མཚན་མོར་སྐོར་ཞིབ་བྱས་པ་བརྒྱུད། རྨང་གཞིའི་ཆ་འཕྲིན་ཕྱོགས་ཡོངས་ནས་འཚོལ་བསྡུ་བྱས་ཏེ་མི་དང་། ས་ཆ། གནས་ཚུལ་བཅས་ཚང་མར་རྒྱུས་མངའ་ཐུབ་ཡོད་པ་རེད།
ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཁྱད་ཆོས་ལ་དམིགས་ནས། ཉེན་རྟོག་ས་ཚིགས་ཀྱིས་དུས་ཚོད་གཏན་འཁེལ་གྱིས་ཁྲིམས་སྐྱོང་འཆད་ཁྲིད་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནང་སྦྱོང་དང་དེ་བཞིན་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ“ཉེན་རྟོག་པ་དང་སློབ་གྲྭ་མཉམ་འགུལ”གྱི་མགྱོགས་མྱུར་དང་ལེན་ལམ་སྲོལ་བཙུགས་པ་རེད། ས་ཚིགས་ཀྱི་འགོ་ཁྲིད་ནས་མི་དམངས་ཉེན་རྟོག་པ་དཀྱུས་མའི་བར། མི་ཚང་མའི་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་འཁུར་ཡོད།
“བཀོད་འདོམས་པ”ནས“འཐབ་འཛིང་པར”གྱུར་ཚེ་གཞི་རིམ་བཅོས་སྐྱོང་གི“མཐའ་མའི་འགག་གནད”བསལ་ཐུབ་པ་ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ར་སྤྲོད་བྱས་ཡོད།
“རྩོད་གཞི་ཆུང་ངུ”ནས“མཉམ་འཛོམས་ཆེན་པོའི”བར་གྱི་སྲུང་སྐྱོང་།
“མ་གཞི་ངའི་བསམ་པར་དངུལ་དེ་དག་རག་གི་མ་རེད་བསམ་བྱུང་། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གནད་དོན་དེ་ཐག་གཅོད་ཐུབ་པ་བསམ་པའི་ཡུལ་ལས་འདས་སོང་། ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཡུལ་གཞན་ནས་གླ་པར་ཡོང་བའི་ལའོ་ལི་ཡིས་ཁ་པར་ནང་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།
དེ་གོང་ལས་གྲྭ་ཕྱོགས་ཀྱིས་ལས་མཇུག་འགྲིལ་རྗེས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་ལས་མིའི་གླ་ཆ་ཁྱོན་སྒོར་ཁྲི་236ལྷག་ཙམ་ཟླ་བ་གསུམ་འགྱངས་ཆད་བྱས་ཡོད། གླ་ཆ་ལེན་པར་ཐེངས་མང་བསྐྱོད་རུང་རག་མེད། མཐར་ཐབས་ཟད་པའི་ལའོ་ལི་དང་ཁོང་གི་ལས་རོགས་ཀྱིས་ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་གནས་ཚུལ་སྙན་སེང་ཞུ་བར་བསྐྱོད། གནས་ཚུལ་ཤེས་རྟོགས་བྱུང་རྗེས། མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ལས་ཡུལ་དུ་འདྲི་རྟོགས་ཐེངས་མང་བྱས་པ་དང་འགན་འཁུར་བ་བསྐོང་འདྲི་བྱས་ཤིང་། མངགས་གཏོང་ཁང་གི་སྣེ་ཁྲིད་འོག་ཁྲོམ་གཞུང་དང་མཉམ་དུ་མཐུན་སྦྱོར་ཚོགས་འདུ་འཚོགས་པ་རེད། ངང་རྒྱུད་རིང་པོས་འདུམ་འགྲིག་ཐེངས་མང་བྱས་པ་བརྒྱུད། འགན་ལེན་ལས་དཔོན་གྱིས་གཞི་ནས་འགྱངས་ཆད་གླ་ཆ་སྤྲོད་རྒྱུའི་ཁས་བླངས། ཉིན་གཉིས་པར་ལས་མི་169ལ་རང་ཉིད་ལ་དབང་བའི་གླ་ཆ་སྒོར་ཁྲི་236ལྷག་ཙམ་རག་ཡོད། ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་བདེ་འཇགས་འགོག་ཟོན་གྱི་མཁར་རྫོང་ཞིག་ཡིན་ལ། ཞིང་པ་ལས་མི་སྤུན་ཟླས་བློས་འགེལ་ཆོག་པའི་ནང་མི་དེ་བས་ཀྱང་ཡིན།
འདི་ལྟ་བུའི་མི་སེམས་དྲོ་བའི་བྱ་བ་ནི་ཉིན་ལྟར་ཐོན་བཞིན་ཡོད།
“བློ་མཐུན་ཉེན་རྟོག་པ་ལགས། ཁྱེད་ཚོས་ང་ལ་རོགས་རམ་གནང་རོགས། ངའི་ཕྲུ་གུ་རྙེད་ཀྱི་མི་འདུག”ཅེས་ཞོགས་པ་སྔ་པོ་ནས་གྲོང་མི་ཨ་ཅག་ཀྲང་ལགས་ཀྱིས་དངངས་འཚབ་ཆེན་པོས་ངུ་སྐད་ཤོར་བཞིན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཡོང་ནས་དེ་ལྟར་བཤད། ཉིན་གོང་མའི་ཕྱི་དྲོར་ཁོང་གི་བུ་མོ་ནང་མི་དང་ཁ་རྩོད་ཤོར་རྗེས་ཁྱིམ་ནས་ཁ་བྲོས་པ་དང་ལག་ཐོགས་ཁ་པར་འཁྱེར་མེད་པས། ནང་མིས་མདང་དགོང་ནས་ད་བར་བཙལ་ཡང་སྔར་བཞིན་རྙེད་མེད།
ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་ལི་ཧྭ་ཀྲི་ཡིས་ནང་མིར་སེམས་གསོ་གཏོང་བཞིན་ཕྲུ་གུའི་ཕྱིའི་རྣམ་པའི་ཁྱད་ཆོས་ཟིན་ཐོར་ཞིབ་ཕྲ་བཀོད་པ་དང་། དེ་རྗེས་འཕྲལ་མར་ལས་རེས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་སྣེ་ཁྲིད་དེ་ཁྲོམ་གཞུང་གི་དྲ་མིག་པ་དང་། བདེ་སྲུང་བ། དེ་བཞིན་སེམས་རྩ་འཁོལ་བའི་མང་ཚོགས་བཅས་དང་མཉམ་དུ་འཚོལ་ཞིབ་རུ་ཆུང་བཙུགས་ནས་ཁག་བགོས་འཚོལ་ཞིབ་བྱས་པ་རེད།
ཕྲུ་གུ་བདེ་འཇགས་ངང་ལོག་སྐབས་ཨ་ཅག་ཀྲང་ལགས་ངུ་ཤོར་བ་དང་། མི་དམངས་ཉེན་རྟོག་པའི་ལག་ནས་དམ་པོར་བཟུང་སྟེ་ཡུན་རིང་མ་གློད་པར“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ང་ཚོའི་ཁྱིམ་ཚང་བསྐྱབས་བྱུང”ཞེས་བཤད།
“སེམས་དྲོད་ཁང་པ”ནས“སེམས་སྦྲེལ་ཟམ་པའི”བར་གྱི་འགྱུར་ལྡོག
ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ“དམངས་ཕན་ཞབས་ཞུ”ཞེས་པ་ནི་འབོད་ཚིག་ཙམ་མ་ཡིན་པར་རྒྱུན་གཏན་འཚོ་བའི་རང་རྟོགས་བྱ་སྤྱོད་ཅིག་རེད། ཉེན་རྟོགས་ཞབས་ཞུའི་ས་ཚིགས་སུ“དམངས་ཕན་ཞབས་ཞུའི་ས་ཚིགས”བཙུགས་ཤིང་། དེར་མྱུར་སྐྱོབ་སྨན་སྒམ་དང་། ཕུ་མདའ། གློག་གསོག་སྒྲིག་ཆས་སོགས་དམངས་ཕན་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་རིན་པ་མི་དགོས་པར་སྤྱོད་དུ་འཇུག་གི་ཡོད། མང་ཚོགས་ཀྱི་རྩ་ཆེའི་དངོས་པོ་འཚོལ་བའམ་ཡང་ན་ཁྱིམ་དུ་ལོག་མི་ཤེས་པའི་རྒན་རྒོན་སྐྱེལ་བ་སོགས་གང་ཞིག་ཡིན་རུང་མི་དམངས་ཉེན་རྟོག་པ་ཚོས་ནམ་ཡང་དུས་ཐོག་ཏུ་བྱ་སྤྱོད་སྤེལ་བ་དང་མང་ཚོགས་ཀྱི་རེ་ཞུར་ལན་འདེབས་ཀྱི་ཡོད། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཆུང་ཆུང་དེ་ཁྲོམ་གཞུང་སྲང་ལམ་ཁྲོད་ཀྱི་དྲོ་སྐྱིད་ལྡན་པའི་དམངས་ཕན་ལས་སྒྲུབ་ས་ཚིགས་སུ་གྱུར་ཡོད།
“ཉེན་རྟོག་ཞབས་ཞུའི་ས་ཚིགས་ཆུང་ཡང་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་ཧ་ཅང་ལྕི་པོ་རེད། ང་ཚོས་ལས་དོན་མང་ཙམ་བསྒྲུབས་ན་མང་ཚོགས་ཀྱི་དཀའ་ངལ་དེ་ཙམ་གྱིས་ཉུང་དུ་འགྲོ་བ་དང་། ང་ཚོས་ལེགས་སྐྱེས་མང་ཙམ་ཕུལ་ན་སྤྱི་ཚོགས་དེ་ཙམ་གྱིས་འཆམ་མཐུན་ཡོང་གི་རེད”ཅེས་སློབ་སྟོན་པ་པ་སངས་ཀྱི་བབ་ཆགས་པའི་སྐད་ཆ་ནས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱི་སེམས་གཏིང་གི་རེ་བ་མཚོན།
ནོར་བུ་གླིང་ཁ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་མི་སེམས་འགུལ་བའི་གཏམ་རྒྱུད་དང་ལྷག་བསམ་ཟོལ་མེད་ཀྱི་སྲུང་སྐྱོང་ལ་བརྟེན་ནས་ཉེན་རྟོག་པ་དང་མང་ཚོགས་དབར“སེམས་སྦྲེལ་ཟམ་པ”ཞིག་བཙུགས་ཡོད། མ་འོངས་པར། ཁོང་ཚོས་གཞི་རིམ་ལ་མུ་མཐུད་གཞི་ཚུགས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནས་དོན་དེ་ལས་ཀའི་ཕྱོགས་སྟོན་དུ་བརྩིས་ནས་མང་ཚོགས་ལ་དུས་བདེ་དང་དྲོ་སྐྱིད་ཚོར་ཐུབ་པ་དང་། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཆུང་ཆུང་གི་ནུས་པ་ཆེན་པོ་རྒྱུན་མཐུད་འདོན་ཐུབ་པ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།