རྣམ་གླིང་རྫོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”ཆུ་བེད་ལས་གྲྭ་ཁག་དང་པོ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་སྒང་གི་མ་ཡུར་ཆུ་གྲོན་ཆུང་སྒྱུར་བཀོད་དང་སྐྱེ་ཁམས་ཆུ་གསབ་ལས་གྲྭ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་སྟེ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རྣམ་གྲངས་དེ་ནི་རྣམ་གླིང་རྫོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་ཆུ་བེད་དམངས་འཚོའི་གཙོ་གནད་ལས་གྲྭ་ཐོག་མ་དེ་རེད། དེ་ཐོག་ནས་སྤྱི་ལེ་20ཟིན་པའི་ཨེ་མ་སྒང་མ་ཡུར་གྱི་ལམ་ཐིག་ཧྲིལ་པོ་སྒྱུར་བཀོད་རིམ་སྤོར་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད། ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་རྗེས་ས་ཁོངས་ཀྱི་ཆུ་མཁོ་འདོན་འགན་ལེན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་རྒྱུ་རེད།
དེ་གོང་ཨེ་མ་སྒང་མ་ཡུར་གྱི་སྒྲིག་ཆས་རྙིང་པ་ཡིན་པ་དང་། ཆུ་འདྲེན་ནུས་པ་མི་འདང་བ། ཆུ་གཏོང་རྒྱ་ཆུང་བ་བཅས་ཡིན་པས་དཔྱིད་ཆུ་འདྲེན་པ་སོགས་ཀྱི་འགག་རྩའི་དུས་ཚིགས་འཆར་རིམ་བཞིན་ཆུ་ཧ་ཅང་དཀོན་པོ་ཡོད། ཆུ་དཀོན་པོ་བྱུང་ནས་ས་ཁོངས་ཀྱི་ཞིང་ལས་ཐོན་སྐྱེད་དང་སྐྱེ་ཁམས་ཆུ་སྤྱོད་ཀྱི་དགོས་མཁོ་སྐོང་ཁག་པ་དེ་ནི་ཡུལ་དེའི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་དམངས་འཚོའི་ཞན་ཆ་མངོན་གསལ་དོད་པོ་ཞིག་རེད།
དམངས་ཀྱི་འདོད་འདུན། བྱ་སྤྱོད་སྤེལ་ཕྱོགས། སྒྱུར་བཀོད་ལས་གྲྭ་སྤེལ་ཚུན་རྣམ་གླིང་རྫོང་ཆུ་བེད་ཅུས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་ཨེ་མ་སྒང་མ་ཡུར་གྱི་ཆུ་ཡུར་དང་། ཆུ་སྒོ་ལྡན་པའི་ཟམ་པ། བརྒལ་ཤུར་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་བརྒྱུད་རིམ་ལྡན་པའི་ངང་སྒྱུར་བཀོད་བྱེད་པ་དང་། ཆུ་འདྲེན་འགག་གནད་ཕྱོགས་ཡོངས་ནས་གཤོང་བ། ཆུ་མཁོ་འདོན་གྱི་བཀོད་པ་ལེགས་སུ་གཏོང་བ། མ་ཡུར་གྱི་ལམ་ཐིག་ཧྲིལ་པོའི་སྒྱུར་བཀོད་རིམ་སྤོར་ལས་དོན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བཅས་བྱས་ནས་བདེ་འཇགས་ནུས་ཆེའི་ཆུ་མཁོ་འདོན་གྱི་མ་ལག་ཅིག་བཏོད་ཡོད།
རྣམ་གླིང་རྫོང་གི་འབྲེལ་ཡོད་འགན་འཁུར་བས། ལས་གྲྭ་བསྐྲུན་རྗེས་ཨེ་མ་ཤང་གི་ས་ཁོངས་རྨོ་ཞིང་དང་གཟན་རྩྭ་འདེབས་ཁུལ་དང་སྐྱེ་ཁམས་ཆུ་སྤྱོད་དབར་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་པ་དང་། ཆུ་འདྲེན་ལས་ཕྱོད་དང་ཆུ་གཏོང་འགན་སྲུང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། འབྲུ་རིགས་ཀྱི་བདེ་འཇགས་དང་། སྐྱེ་ཁམས་ཀྱི་བདེ་འཇགས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ལ་ཆུ་བེད་ཀྱི་འདེགས་སྐྱོར་བྱས་ཏེ་དམངས་འཚོའི་ལས་གྲྭ་དེ་མང་ཚོགས་ཀྱི་བློ་ལ་བབས་པ་བཞིན་བསྒྲུབས་ཡོད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།