དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞོགས་པ་བཀོད་སྒྲིག་དང་དགོང་མོ་བཀོད་གཏོང་བྱས་ནས་སྤུས་འབྲས་ལེགས་གཉེར་གྱིས་དམངས་སེམས་དྲོ་བར་བྱེད་པ།

    ——ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཀྲ་ཤིས་སྡེ་ཁུལ་གྱིས་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    ཞོགས་པ་མཉམ་དུ་འཛོམས་ནས་ལས་ཀ་གཏན་འཁེལ་བཀོད་སྒྲིག་བྱེད་པ་དང་། དགོངས་མོ་བསམ་ཞིབ་བྱས་ནས་དཀའ་གནད་བསལ་ཞིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་བཀྲ་ཤིས་སྡེ་ཁུལ་གྱི“ཞོགས་པ་བཀོད་སྒྲིག་དང་དགོང་མོ་བཀོད་གཏོང”གི་ལས་ཀ་བྱེད་སྟངས་དོན་འཁྱོལ་ཡག་པོ་ཐུབ་ནས་གཞི་རིམ་བཅོས་སྐྱོང་གི་སེམས་ཁྲལ་དང་དཀའ་གནད་སེལ་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ལ་གྱུར་ཡོད། ཕྱི་ཚུལ་ཙམ་མིན་པར་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་བྱ་ཐབས་དངོས་རེ་རེ་ལས་དུས་ཚོད་ཐུང་ངུའི་ནང་སྡེ་ཁུལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཞབས་ཞུ་དེ་བས་ལེགས་སུ་ཕྱིན་ཡོད་པ་རེད།

    བཀྲ་ཤིས་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བ་ཚེ་རིང་གཡུ་སྒྲོན་གྱིས། སྡེ་ཁུལ་དུ་རྒན་རྒོན་གྲོང་མི་མང་བ་དང་མང་ཚོགས་ཀྱི་རེ་ཞུ་རྙོག་རྫོབ་ཆེན་པོ་ཡོད། དེ་སྔ་སྡེ་ཁུལ་གྱི་ལས་དོན་ལ་སྒྲིག་ལམ་ཟང་ཟིང་དང་ལས་བགོས་ཁ་གསལ་མེད་པ་མ་ཟད། དམངས་འཚོའི་དོན་དག་ཆུང་ཙག་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་མ་ཐུབ་པས། དེ་རིམ་བཞིན་གྲོང་མིའི་སེམས་ནད་ལ་གྱུར་ཏེ། མང་ཚོགས་ཀྱི་གནས་སྡོད་ཉམས་ལེན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བརྗོད་པ་རེད།

    གཞན་འགུལ་ཞབས་འདེགས་ཞུ་སྟངས་ལ་འགྱུར་ལྡོག་གཏོང་ཆེད། སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་སྣེ་ཁྲིད་ནས“ཞོགས་པ་བཀོད་སྒྲིག་དང་དགོང་མོ་བཀོད་གཏོང”གི་ལས་ཀའི་ལམ་ལུགས་འཛུགས་པ་དང་། སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་སྤྱི་འདོམས་སྐུལ་འདེད་གཏོང་བ། ལས་དོན་པ་ཡོངས་ཀྱིས་མཐུན་སྦྱོར་དོན་འཁྱོལ་བཅས་བྱས་ཡོད། ཉིན་ལྟར་ཞོགས་པ་ཉིན་དེའི་ལས་དོན་ཁ་གསལ་བཟོ་བ་དང་ལས་བགོས་ཞིབ་ཕྲ་བྱས་ནས་གྲོང་མིའི་དོན་དག་རེ་རེ་བཞིན་གནད་སྨིན་ཐག་གཅོད་བྱེད་ཀྱི་ཡོད། དགོང་མོ་རེ་ཞུ་ཕྱོགས་བསྡུས་དང་། དཀའ་གནད་གསེད་པ། བྱ་ཐབས་གྲོས་བསྡུར་བཅས་བྱས་ནས་མང་ཚོགས་ཀྱི་རེ་ཞུར་བརྡ་ལན་ཧུར་ཐག་བསློགས་ཏེ་ཁོར་ཡུག་འཕྲོད་བསྟེན་དང་། སྒྲིག་བཀོད་ཉམས་གསོ། འགལ་བ་དང་རྩོད་གཞི་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ་དང་ཆབས་ཅིག་ཁེར་སྡོད་རྒན་རྒོན་ལ་རྒྱུན་རྣམ་ཅན་གྱི་གཅེས་སྐྱོང་བྱས་ཏེ། གྲོང་མིའི་གནས་སྡོད་ཀྱི་སྐྱིད་སྣང་དང་བདེ་འཇགས་ཚོར་སྣང་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད་པ་རེད།

    ལས་ཀ་བྱེད་སྟངས་དེ་ལས་བྱུང་བའི་འགྱུར་ལྡོག་ཐད་བཀྲ་ཤིས་སྡེ་ཁུལ་གྱི་ཆེད་བསྐོས་སྤྱི་ཚོགས་ལས་དོན་པ་བདེ་སྐྱིད་སྒྲོལ་དཀར་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“དེ་སྔ་ལས་ཀ་བྱེད་སྐབས་མགོ་མཇུག་མེད་པས་བྲེལ་བ་ཧ་ཅང་ཆེ་ཡང་ཕན་འབྲས་ཐོན་གྱི་མེད། ད་ལྟ་ཉིན་རེའི་ལས་འགན་ཁ་གསལ་བ་དང་ལས་བགོས་ཡག་པོ་བརྒྱབ་པས་ལས་རོགས་དང་འབྲེལ་མཐུད་ཡག་པོ་ཐུབ་པ་མ་ཟད། གྲོང་མིར་ཞབས་འདེགས་ཞུ་བའི་ལས་ཕྱོད་ཆེ་རུ་ཕྱིན་སོང་། ཐག་གཅོད་བྱེད་དཀའ་བའི་གནད་དོན་འཕྲད་སྐབས་དེ་སྔ་རང་སོ་སོས་སེམས་ཁྲལ་བྱེད་དགོས་ཀྱི་ཡོད་པ་དང་། ད་ཆ་དགོང་མོའི་ཚོགས་འདུར་མཉམ་དུ་ཐབས་ཇུས་འདོན་རོགས་བྱེད་ཀྱི་ཡོད། ཚང་མ་མཉམ་དུ་འཛོམས་ནས་གནད་འགག་ལ་དབྱེ་ཞིབ་དང་། ཕན་ཚུན་དྲ་མིག་གི་གནས་ཚུལ་སྤེལ་རེས། ལས་བགོས་མཉམ་ལས་བཅས་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    སྡེ་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་ཡོད་མེད་ཐད་གྲོང་མིར་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད་ཅིང་། གྲོང་མི་བཀྲ་ཤིས་སྒྲོལ་མས“ད་ཆ་དོན་དག་སྒྲུབ་སྐབས་སྟབས་བདེ་ལ་བློ་བདེ་པོ་འདུག དོན་དག་ཡོད་ཚེ་སྡེ་ཁུལ་བཙལ་ན་མགྱོགས་མྱུར་ཐག་གཅོད་ཐུབ་ཀྱི་འདུག དེ་སྔ་དོན་དག་སྒྲུབ་པར་ཉིན་ཁ་ཤས་འགོར་གྱི་ཡོད། ད་ཆ་དེ་འདྲ་མ་རེད། དོན་དག་མགྱོགས་པོ་སྒྲུབ་ཐུབ་པ་མ་ཟད། ལས་དོན་པའི་རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག”ཅེས་གད་མོ་དགོད་བཞིན་བརྗོད།

    བཀྲ་ཤིས་སྒྲོལ་མས། ཉེ་བའི་ལོ་གཉིས་རིང་ཁོར་ཡུག་གཙང་ལ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ། རྒན་རྒོན་ལ་གཅེས་སྐྱོང་བྱེད་མཁན་ཡོད་པ་བཅས་སྡེ་ཁུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག ང་ཚོ་བློ་ཡིད་ཚིམ་ཤོས་ནི“དོན་དག་ཡོད་ཚེ་ལམ་སེང་སྒྲུབ་པ་དང་། རེ་ཞུར་དུས་ཐོག་ཏུ་བརྡ་ལན་སློག་པ”དེ་རེད། སྡེ་ཁུལ་དེ་འདྲའི་ནང་སྡོད་སྐབས་བློ་བདེ་ལ་སེམས་པ་སྐྱིད་པོ་ཡོང་གི་འདུག་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།