བགྲང་བྱ་ཉེར་གཉིས་ཕྲུ་གུ་བྱམས་ཀྱིས་བསྐྱངས། འགན་འཁྲིར་བརྟེན་ནས་ཁྱིམ་ཞེན་རྒྱལ་ཞེན་མཚོན།
——2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་ཡག་ཤོས་ཀྱི་མཚན་སྙན་ཐོབ་པའི་པ་སངས་ལྷ་མོའི་སྐོར་བཀོད་པ།
ཉིན་ཤས་གོང་། “ཁྱིམ་ཞེན་རྒྱལ་ཞེན་བཅངས་ནས‘ལོ་ལྔ་ཚན་བཅོ་ལྔ་པར’འབད་འཐབ་བྱེད”ཅེས་པའི་2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་ཡག་ཤོས་ཡོངས་བསྒྲགས་བྱེད་པའི་མཛད་སྒོ་ལྷ་སར་འཚོགས་པ་དང་། བྱེད་སྒོར་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་ཡག་ཤོས་20ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་ལྷ་སའི་SOSབྱིས་པའི་གྲོང་གི་པ་སངས་ལྷ་མོའི་ཁྱིམ་ཚང་གིས་བགྲང་བྱ་20ལྷག་ཙམ་རིང་རྒྱུན་བསྲིང་ལྷོད་མེད་དང་གཅེས་སེམས་ཆེན་པོ་བཅངས་བར་བརྟེན་ནས་དེའི་ནང་ཚུད་ཡོད་པ་རེད།
ཀྲུང་གོའི་ལྷ་སའི་SOSབྱིས་པའི་གྲོང་འདི་གཅེས་སྐྱོང་ཨ་མ་རེ་དང་ལོ་ན་མི་གཅིག་པའི་བྱིས་པ་6ནས་8བར་གྱི་དུད་ཚང་17ལས་གྲུབ་ཡོད། 2004ལོར་པ་སངས་ལྷ་མོ་བྱིས་པའི་གྲོང་གི་དུད་ཚང་12པའི་ཕྲུ་གུ་ཚོའི་ཨ་མའི་ཚབ་བྱས། ལོ་22དང་ཉིན་མཚན་8000ལྷག་ཙམ་རིང་། པ་སངས་ལྷ་མོས་རང་ཉིད་ཀྱི་ལས་གནས་ཁྱིམ་དུ་བརྩི་བ་དང་དྭ་ཕྲུག་ཚོ་རང་ཉིད་ཀྱི་ཕྲུ་གུར་བརྩིས་ནས་རྒྱུན་གཏན་འཚོ་བའི་ནང་ཨ་མའི་འགན་འཁྲི་བསྒྲུབས་ཏེ། རང་ཉིད་ཀྱི་དམ་བཅའ་ལག་ལེན་དུ་འཁྱོལ་བར་བྱས་ནས་ཕྲུ་གུ་སྔར་ལས་མང་བར་བརྩེ་བ་དང་རེ་བས་ཁེངས་པའི་ཁྱིམ་གཞིས་ཤིག་བསྐྲུན་ཡོད།
2004ལོར་ལས་ཀར་ཞུགས་པ་ནས་ད་ལྟའི་བར། པ་སངས་ལྷ་མོས་དྭ་ཕྲུག་18སྔ་ཕྱིར་གསོས་པ་ལས། ད་ཆ་ཕྲུ་གུ་13ཁོང་གི་ལྟ་རྟོག་འོག་བྱིས་པའི་གྲོང་ནས་ཁ་བྲལ་ཏེ་འཚོ་བ་རང་སྐྱ་འཕེར་བ་བྱུང་བ་དང་། སློབ་ལོ་ལོན་པའི་བྱིས་པ་5ཁོང་གི་བྱམས་སྐྱོང་འོག་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད།
ལོ་22རིང་། ཉིན་གཅིག་ལྟར་ལྟ་སྐྱོང་བྱེད་པ་ནི་པ་སངས་ལྷ་མོའི་རྒྱུན་གཏན་གྱི་འཚོ་བ་ཡིན།
“ཕྱི་མིས་མཐོང་བ་ནི་དཀའ་ངལ་ཤ་སྟག་ཡིན་ནའང་། ང་ལ་ཐོབ་པ་ནི་བདེ་སྐྱིད་ཡིན། གང་ལགས་ཤེ་ན། ཕྲུ་གུ་ཚོ་ཧ་གཉིད་མི་སད་པ་ནས་གནས་ལུགས་ཤེས་པ་དང་། སྙོམས་ཆུང་ནུས་མེད་ནས་བློ་བག་ཡངས་པོ་ཆགས་པའི་བར་འགྱུར་ལྡོག་བྱུང་ནས་ཁོ་ཚོའི་ངོ་གདོང་ལ་ལྷད་མེད་འཛུམ་མདངས་ཀྱིས་ཁེངས་པ་ནི་ངའི་མི་ཚེ་འདིའི་རྒྱུ་ནོར་རྩ་ཆེ་ཤོས་ཤིག་ཡིན་པས་རེད”ཅེས་པ་སངས་ལྷ་མོས་བཤད་ཅིང་། ཁོང་གིས་ཨ་མའི་ཚབ་བྱེད་པ་ནི་འཚོ་ཐབས་འཚོལ་བ་ཙམ་མིན་པར་ལྗིད་ཏིག་ཏིག་གི་འགན་འཁྲི་དང་ལས་འགན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
དུད་ཚང་12པའི་ཁྱིམ་དུ་སྐྱོད་སྐབས། ཅ་དངོས་གྲལ་བསྒྲིགས་ཤིང་དཀར་ཆ་དོད་ལ་ཁང་པའི་རྒྱན་སྤྲོས་བབ་ཆགས་པ་དང་ཁམས་གཙང་མ་ཡོད་པས་མཐོང་བ་ཙམ་གྱིས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན། ལོ་22ཡི་རིང་། པ་སངས་ལྷ་མོས་ཁྱིམ་དེའི་བྱ་བ་ཆེ་ཆུང་ཚང་མ་བསྒྲུབས་ནས་ཕྲུ་གུའི་འཚོ་བ་དང་འཚར་ལོངས་གང་ས་ཅི་ཐད་ལ་སེམས་ནུས་ཡོད་རྒུ་བཏོན་ཡོད།
བཟའ་བཏུང་དང་སྤྱོད་ལམ་ཐད། ཁོང་གིས་ཕྲུ་གུ་ཚོའི་ཟས་ཀྱི་དགའ་ཕྱོགས་དང་གཟུགས་པོའི་གནས་ཚུལ་གསལ་གསལ་ཐིང་ཐིང་ངེས་པར་བྱས་རྗེས། ཕྲུ་གུའི་ལོ་ཚད་དང་འཚར་ལོངས་ཀྱི་དུས་མཚམས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་ངང་བཟའ་བཅའ་གཡོལ་སྦྱོར་དང་། ཉིན་རེའི་ལྟོ་དུས་གསུམ་པོ་གཟབ་གཟབ་ངང་བཟོས་ཏེ་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བར་གཞོལ་བ་དང་། ནམ་དུས་བརྗེ་བའི་སྐབས། ཁོང་གིས་གནམ་གཤིས་ཀྱི་འགྱུར་བར་བསྟུན་ནས་གྱོན་ཆས་སྲབ་མཐུག་སྔོན་ནས་གྲ་སྒྲིག་བྱས་པ་མ་ཟད། ཕྲུ་གུའི་གྱོན་ཆས་བཙོག་པ་འཁྲུ་བ་དང་རལ་བ་བཙེམས་ནས་ཕྲུ་གུ་ཚང་མ་གཙང་རིལ་རིལ་བཟོས་ཏེ་བལྟས་པ་ཙམ་གྱི་གྲུང་ཤ་དོད་པོར་སྣང་། གལ་སྲིད་ཕྲུ་གུ་གཟུགས་པོ་མི་བདེ་བ་དང་། ཚ་བ་རྒྱས་ན་མཚན་གང་འགྲམ་དུ་བསྡད་དེ་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད།
ཁ་ཞེ་གཉིས་མེད་ཀྱིས་རང་འཁྲིའི་ལས་ལ་གཞོལ་ན་གྲུབ་འབྲས་བཟང་པོ་ཐོབ་ངེས། ལོ་22ཀྱི་རིང་། པ་སངས་ལྷ་མོས་ཕྲུ་གུ་ཚང་མར་རྟག་ཏུ་བརྩི་འཇོག་དང་། བསྟུན་མཁས། བསམ་ཤེས་བཅས་བྱས་ནས་བསམ་པ་རྣམ་དག་གིས་སྣོད་བསྟུན་སློབ་ཁྲིད་དང་སེམས་ནུས་ཡོད་རྒུས་གསོ་སྐྱོང་བྱས་ཏེ་མི་སེམས་འགུལ་བའི་གཉིས་མོས་གཉིས་འབད་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ན་ཚོད་མི་འདྲ་བའི་ཕྲུ་གུ་འཚར་ལོངས་ཡོང་བ་དང་སློབ་གསོའི་དགོས་མཁོ་དང་འཚམ་པར་བྱ་ཆེད། པ་སངས་ལྷ་མོས་སློབ་སྦྱོང་བྱེད་མཚམས་འཇོག་མྱོང་མེད་ཅིང་། ཁོམ་པ་ཡོད་རིམ་བཞིན་ཁོང་གིས་རང་འགུལ་ངང་ཁྱིམ་ཚང་སློབ་གསོ་དང་། སེམས་ཁམས་བདེ་ཐང་། ཚན་རིག་དང་མཐུན་པའི་ཕྲུ་གུ་གསོ་སྐྱོང་སོགས་ཀྱི་ཆེད་ལས་ཤེས་བྱར་བརྩོན་ཞིབ་བྱས་ཏེ་སློབ་གསོའི་འདུ་ཤེས་ཟམ་མི་ཆད་པར་གསར་བརྗེས་དང་མི་སྣ་གསོ་སྐྱོང་གི་འཇོན་ཐང་ཆེ་རུ་བཏང་ནས་ཕྲུ་གུ་ཚོར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་པར་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱེད་ཀྱི་ཡོད།
ལོ་ལྟར་གྱི་བྱིས་པའི་དུས་ཆེན་དང་ཕྲུ་གུ་རེ་རེའི་སྐྱེས་སྐར་སླེབས་སྐབས། པ་སངས་ལྷ་མོས་མཉམ་དུ་སྐྱེས་སྐར་འདུ་ཚོགས་གྲ་སྒྲིག་ཞིབ་ཚགས་བྱེད་པ་མ་ཟད། ཆེད་མངགས་སྐྱེས་སྐར་གྱི་ཀེག་མངགས་བཟོ་དང་ལག་རྟགས་ཆུང་ངུ་གྲ་སྒྲིག་བྱས་ནས་ཕྲུ་གུ་ཚང་མ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོའི་ནང་འཚར་ལོངས་ཡོང་བར་བྱེད་ཀྱི་ཡོད།
ལོ་22བྱམས་ཀྱིས་བསྐྱངས་པས་པ་སངས་ལྷ་མོ་དང་ཕྲུ་གུ་ཚོའི་དབར་སྔ་ས་ནས་ཤ་རུས་འབྲེལ་བའི་སྤུན་མཆེད་ལས་ལྷག་པའི་བརྩེ་བ་ཆགས་ཡོད། ད་ཆ་ཕྲུ་གུ་ཚོ་ཆེན་པོ་ཆགས་ནས་རང་རང་སོ་སོའི་འཚོ་བ་སྐྱེལ་གྱི་ཡོད་རུང“སྐྱེད་མ”ཁོང་གི་བཀའ་དྲིན་གཏན་ནས་བརྗེད་མྱོང་མེད་ཅིང་། ཨ་མའི་དུས་ཆེན་དང་བུད་མེད་དུས་ཆེན་འཆར་རིམ་བཞིན་ཕྲུ་གུ་ཚོས་ས་ཐག་རིང་པོ་ནས་མེ་ཏོག་དང་ལག་རྟགས་སྐྱེལ་བ་མ་ཟད། བརྙན་ལམ་ཁ་པར་བཏང་ནས་དྲན་གདུང་མཚོན་པར་བྱེད་ཀྱི་ཡོད་ལ། ཁོང་གི་འགྲམ་དུ་ཡོད་པའི་ལོ་ན་ཕྲ་བའི་ཕྲུ་གུ་ཚོས་ཀྱང་རྟེན་འབྲེལ་བྱང་བུའི་ཐོག་སྨོན་ཚིག་བཟང་པོ་བྲིས་ཏེ་ཨ་མར་འཆང་བའི་ལྷད་མེད་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད།
ལོ་22ཀྱི་རིང་། པ་སངས་ལྷ་མོས་ལས་གནས་དཀྱུས་མར་གཞི་ཚུགས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ནན་སྒྲུབ་ཀྱིས་ཕྲུ་གུ་ཚོ་བྱམས་ཀྱིས་བསྐྱངས་ཏེ། ལེགས་སྐྱེས་འབུལ་བར་བརྟེན་ནས་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་མཚོན་པར་བྱས་དང་བྱེད་མུས་རེད།
འབྲེལ་ཡོད་གསར་འགྱུར།