དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རི་ཀླུང་སྟོང་གིས་ཆོད་ཀྱང་སེམས་སྦྲེལ་ཟམ་པ་དེ་བས་བརྟན།

    ——ལྷོ་ཁ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    འདི་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དབར་བོད་སྐྱོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་འཇོག་བཞིན་པ།

    ལྷོ་ཁ་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་ཀྱི་འདུ་ཤེས་ཀུན་གྱི་སྔོན་ལ་བཏོན་པ་མ་ཟད། ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་མཉམ་དུ་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་སྐྱོད་པར་སྐུལ་ལྕག་ཤུགས་ཆེན་བཏང་བ་རེད། འདི་ལོའི་ཟླ་3པ་བར་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་རིམ་རྩིས་བརྒྱབ་ན་མི་3124ཟིན་པ་དང་2025ལོར་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མི་གྲངས་650ལྷག་ཙམ་ཟིན་ཡོད། སྤྱི་ཡོངས་ནས་ལས་ཞུགས་ཐུབ་ཚད་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་ཚང་མ་བོད་ཀྱི་མདུན་གྲལ་དུ་སླེབས་ཡོད།

    འོན་ཀྱང་ཕྱིར་སྐྱོད་ཐུབ་མིན་ནི་གོམ་པ་དང་པོ་ཙམ་རེད། ཁྱིམ་བདག་གི་སེམས་ཁྲལ་སེལ་བ་དང་གཞོན་ནུ་ཚོ་བློ་བདེ་བག་ཕེབས་ཡོང་བའི་གཙོ་རྐང་དེ་ནི་ཕྱིར་བསྐྱོད་རྗེས་གཏན་འཇགས་ཀྱི་ལས་ཀ་རག་མིན་ལ་ཐུག་ཡོད།

    ཟངས་རི་རྫོང་དང་གཡོད་དབྱང་ཤེས་ལྡན་པའི་ཚོགས་པས་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་6དང་མཉམ་དུ་གྲོས་མོལ་བྱས་ཏེ་ལས་གནས་ཀྱི་དངོས་སྦྱོང་དང་། རྩལ་ནུས་གསོ་སྦྱོང་། གནས་གཏན་འཁེལ་གྱི་ལས་ཞུགས་བཅས་ལས་ཀའི་སྦྲེལ་ཐག་ཆ་ཚང་ཞིག་ཏུ་འགྱུར་བར་བྱས་ཡོད། 2023ལོ་ནས་ད་བར་གཡོད་དབྱང་གིས་རིམ་རྩིས་བརྒྱབ་ན་ལྷོ་ཁར་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་པས། ལྷོ་ཁའི་གཞོན་ནུ་129གཡོད་དབྱང་དུ་ལས་ཀར་བསྐྱོད་པ་དང་མི་118ཀྱིས་ས་གནས་དེ་གར་སྡོད་རྒྱུའི་གདམ་ག་བྱས་ཡོད། ཟངས་རི་རྫོང་གི་ཐེམ་གྲངས་མི་འབོར་ལྟར་བརྩིས་ན། མི་150ཡི་ནང་ནས་མི་1གཡོད་དབྱང་དུ་ལས་ཀ་བྱེད་པའམ་ཡང་ན་སློབ་སྦྱོང་བྱེད་ཀྱི་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཧུའུ་ནན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན། ལས་ཞུགས་བོད་སྐྱོར་གྱི་ལས་གནས་22341མཁོ་འདོན་བྱས་པ་དང་། “ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་7གྱི་སྒོ་བྱང་བཀལ་བ། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་522ཧུའུ་ནན་དུ་གཞིས་ཆགས་ཡོད།

    ཧུའུ་ནན་ཞིང་ཆེན་གྱི་བསམ་ཕྱོགས་དང་མི་འདྲ་བར་ཧུའུ་པེ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གྱི་བསམ་ཕྱོགས་ནི་ལས་ཞུགས་ཀྱི་དྲ་བ་ཚགས་དམ་པོ་ཞིག་བཟོ་རྒྱུ་དེ་རེད།

    འདི་ལོའི་ཟླ་8ཚེས་20ཉིན་སྣེ་གདོང་ཆུས་ཀྱིས་ཆུས་བཙུགས་ཚུན་གྱི་ས་ཁོངས་བརྒལ་བའི་ལས་ཞུགས་བོད་སྐྱོར་བྱེད་སྒོ་ཆེ་ཤོས་སྤེལ་ཞིང་། ཝུའུ་ཧན་གྱི་གཞུང་ཁོངས་ཁེ་ལས་དང་གཙོ་གནད་དམངས་གཉེར་ཁེ་ལས་36གི་ལས་དོན་པས་སྤྱི་ལེ་3000ལྷག་ཙམ་གྱི་ངལ་བར་མ་འཛེམས་པར་བོད་དུ་ཡོང་སྟེ་ཐེངས་གཅིག་རང་ལ་ལས་གནས་455མཁོ་འདོན་བྱས་ཡོད། ཟླ་རེའི་གླ་ཆ་དམའ་ཤོས་སྒོར་5000དང་མཐོ་ཤོས་ལ་ལོ་རེར་གླ་ཆ་སྒོར་ཁྲི་9ཟིན་གྱི་ཡོད། འགན་བཅོལ་ལྔ་དང་མ་དངུལ་གཅིག་དང་། ཁང་གླ་མི་དགོས་པ། ལས་ཞུགས་གོང་གི་གསོ་སྦྱོང་། གཉེན་འཕྲད་བདལ་གླའི་ཁ་གསབ་བཅས་ཚང་མ་གན་རྒྱའི་ནང་གསལ་པོར་བྲིས་ཡོད། གཞོན་ནུ་200ལྷག་ཙམ་དེ་གར་ཡོང་ནས་མི་98ཀྱིས་འདོད་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་མི་15ཡིས་རང་སར་གན་རྒྱ་བཞག་པ་རེད།

    སྣེ་གདོང་ཆུས་དང་ཝུའུ་ཧན་ཤེས་ལྡན་པའི་ཚོགས་པས་ད་དུང་གྲོས་མཐུན་བཞག་ནས“ཡར་ཀླུང་གི་ཤེས་ལྡན་པ་ཚོགས་པ”མཉམ་དུ་བཙུགས་ཏེ། ས་གནས་གཉིས་པོའི་ཤེས་ལྡན་པའི་མཉམ་ལས་དེ“མི་གཏོང་བ”ནས་མཉམ་འབྲེལ་གཉེར་སྐྱོང་ལ་བསྒྱུར་ཡོད། འདི་ལོའི་ཟླ་7པའི་བར་སྣེ་གདོང་ཆུས་ཀྱིས་ཝུའུ་ཧན་ལ་མཐོ་སློབ་སློབ་ཐོན་སློབ་མ་142དང་གཞོན་ནུ་ཞིང་འབྲོག་པ་90བཏང་བ་རེད།

    རྒྱ་ཚ་རྫོང་དུ་གནད་སྨིན་ལྔ་དང་གཅིག་སྡུད་གསུམ་ཟུང་འབྲེལ་གྱི་བྱ་ཐབས་འཚོལ་ཞིབ་ཐུབ་པ་སྟེ། སྲིད་ཇུས་དང་། བོད་སྐྱོར། སྡེ་ཚན། ཁེ་ལས། འཚོ་བ་བཅས་ལྷུ་ཚིགས་ཚང་མར་དོ་ཁུར་བྱེད་མཁན་ཡོད་པ་དང་། གཅིག་གྱུར་སྒྲིག་འཛུགས་དང་། གཅིག་གྱུར་སྐྱེལ་འདྲེན། གཅིག་གྱུར་ལས་གནས་སུ་ཞུགས་པ། ཕན་ཚུན་གཞོགས་འདེགས་བཅས་ཐུབ་ཡོད།

    ཟླ་8ཚེས་17ཉིན། རྒྱ་ཚ་རྫོང་གི་ཁག་ཐེངས་གཉིས་པའི་གཞོན་ནུ་117དབྱི་ཁྲང་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་ཀྲི་ཅང་གྲོང་ཁྱེར་དུ་བསྐྱོད་པ་རེད། ད་བར་རྒྱ་ཚ་རྫོང་གིས་ཁག་ཐེངས་བདུན་གྱི་གཞོན་ནུ་229སྒྲིག་འཛུགས་བྱས་ནས་དབྱི་ཁྲང་གྲོང་ཁྱེར་དུ་ལས་ཞུགས་ལ་བཏང་བའི་ནང་མི་135ལ་ལས་ཀ་བརྟན་པོ་རག་ཡོད་པ་རེད། ཀྲི་ཅང་གྲོང་ཁྱེར་གྱི་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་ལྷོ་ཁའི་གཞོན་ནུ་127བསྡུས་པ་དེ་ནི་བོད་ཀྱི་གཞོན་ནུ་ལྗོངས་ཕྱིའི་གླིང་ཁུལ་གཅིག་ཏུ་མཉམ་དུ་ལས་ཞུགས་ཐུབ་ཐེངས་དང་པོ་རེད།

    ལས་ཞུགས་བོད་སྐྱོར་ཐད་ཨན་ཧུའེ་ཞིང་ཆེན་གྱིས་གནས་གཏན་འཁེལ་བྱས་པའི་བསམ་ཇུས་དེ་ནི་ལས་ཞུགས་ཐུབ་པར་བྱེད་པ་ཁོ་ན་ཙམ་མིན།

    2023ལོར་ཨན་ཧུའེ་ཞིང་ཆེན་གྱིས་བོད་ཀྱི་མི་བརྒྱ་ཡན་གྱི་ཁྲོམ་ར་ཅན་གྱི“ཚོགས་སྒྲིག་ཆེ་མོའི”ལྗོངས་ཕྱིའི་ལས་ཞུགས་རྣམ་གྲངས་ཐོག་མ་དོན་འཁྱོལ་བྱས་པ་དང་། ལྷོ་ཁའི་གཞོན་ནུ་106གཅིག་གྱུར་ཐོག་ཨན་ཧུའེ་རུ་ལས་ཞུགས་བྱས་པ་རེད།

    ཁེ་ལས་ཀྱིས་མི་རིགས་ཀྱི་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་དང་ཁ་ལག་དང་སྡོད་ས་ཆེད་མངགས་བཀོད་སྒྲིག་བྱས་པ་དང་། མི་སྤྱི་སྡེ་ཚན་དུ་མི་བསུ་མཁན་ཡོད་པ་དང་། བཟོ་གྲྭར་ལྟ་བར་འཁྲིད་མཁན་ཡོད་པ། ཁོར་ཡུག་གསར་པར་མཛུབ་ཁྲིད་བྱེད་མཁན་ཡོད་པ་རེད། ད་བར་ཨན་ཧུའེ་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་553ལྗོངས་ཕྱིར་ལས་ཞུགས་ཐུབ་པར་རོགས་རམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།