དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞི་ནས་ལྟོ་ཆས་མིད་ཐུབ་བྱུང་།

    ——ཧྲང་ཧའེ་དང་བོད་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ནད་གཞི་བཅོས་དཀའ་བའི་ནད་པ་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    ཉེ་ཆར། ཧྲང་ཧའེ་ཧྥུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་ཀྲུང་ཧྲན་སྨན་ཁང་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་ཤིན་ཧྭ་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་ཚན་ཁག་དང་མཉམ་དུ་རིགས་གཅིག་མཁས་ཅན་ཚོགས་པ་བཙུགས་ནས་བད་ཀན་མིད་འཆིས་ཀྱི་ནད་གཞི་ཕོག་པའི་བོད་རིགས་སྤུན་ཟླ་ཞིག་བསྐྱབས་པ་རེད། གཤགས་བཅོས་བྱས་རྗེས་ཀྱི་ཉིན་གཉིས་པར་ནད་པས་ཆུ་འཐུང་ཐུབ་པ་དང་། ཉིན་གསུམ་པར་ལྟོ་ཆས་སླ་པོ་ཟ་ཐུབ་པ། ཉིན་བདུན་པར་སྨན་ཁང་ནས་བདེ་བླག་ངང་དོན་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བད་ཀན་མིད་འཆིས་ཀྱི་ནད་གཞི་ནི་མིད་པའི་དབང་རྩའི་ཤ་གནད་ཀྱི་ནུས་པ་ཉམས་པའི་ནད་གཞི་ཞིག་ཡིན་པ་དང་། དེའི་ནད་རྟགས་ལ་མིད་པའི་རྩ་འཁུམ་ནས་ཟས་རིགས་ཟ་མི་ཐུབ་པར་རིམ་བཞིན་མིད་དཀའ་བ་དང་བྲང་ཁར་ན་ཟུག་གཏོང་བ་སོགས་ཀྱི་ནད་རྟགས་ཐོན་ནས་ལྟོ་ཆས་ཀྱི་བཅུད་འཇུ་མ་ཐུབ་པས་འཚོ་བཅུད་མི་འདང་བ་དང་ཐ་ན་འབྲས་སྐྲན་ཏུ་འགྱུར་གྱི་ཡོད།

    ནད་པ་སྒྲོལ་མ(མིང་ཚབ)ལོ་ཕྱེད་གོང་ནས་ལྟོ་ཆས་མིད་དཀའ་བར་གྱུར་ཏེ་རིམ་བཞིན་ནད་ཚབས་ལྕི་རུ་ཕྱིན་རྗེས་གཟུགས་པོའི་ལྗིད་ཚད་རྒྱ་མ་40ཆག་པ་དང་སྨན་ཁང་མང་པོར་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་འཇུ་བྱེད་ཚན་ཁག་ཏུ་སྨན་བཅོས་བྱེད་པར་བསྐྱོད་ཡོད། ནང་ཤེལ་གྱི་བརྟག་དཔྱད་དང་Xགློག་པར་བརྒྱབ་པ་བརྒྱུད་བད་ཀན་མིད་འཆིས་ཀྱི་ནད་ཡིན་པ་གཏན་འཁེལ་བྱས།

    གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་ཚན་ཁག་དང་། ཧྥུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་ཀྲུང་ཧྲན་སྨན་ཁང་གི་ལིའུ་ཙུའུ་ཆང་དང་ལི་ཧྲི་ཁྲའོ། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་ཤིན་ཧྭ་སྨན་ཁང་གི་ཧྲེན་ཧྥུང་སོགས་རིགས་གཅིག་མཁས་ཅན་གྱིས་ལྷན་འཛོམས་བརྟག་དཔྱད་བྱས་རྗེས་ནད་པའི་མིད་པར་སྦྲིད་སྨན་བརྒྱབ་ནས་གློ་ཡུར་ནང་གཤགས་བཅོས(POEMགཤགས་བཅོས)བྱ་རྒྱུའི་ཐག་བཅད་པ་རེད། རིགས་གཅིག་མཁས་ཅན་གྱི་གཞོགས་འདེགས་དམ་ཟབ་འོག་སྐར་མ་50ཡི་ནང་གཤགས་བཅོས་ལེགས་གྲུབ་བྱུང་བ་རེད།

    “གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཧྲང་ཧའེ་ཡི་རིགས་གཅིག་མཁས་ཅན་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན། ལོ་ཕྱེད་སོང་རྗེས་ངས་ལྟོ་ཆས་གཞི་ནས་མིད་ཐུབ་སོང”ཞེས་ནད་པ་སྒྲོལ་མས(མིང་ཚབ)ལྟོ་ཆས་ཟ་བཞིན་དུ་དགའ་ཚོར་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།