མལ་གྲོ་གུང་དཀར་རྫོང་རིན་ཆེན་གྲོང་ཚོའི་ཕྱུགས་རིགས་སྨན་པ་ཚེ་རིང་བཀྲ་ཤིས་ཀྱིས།
འབྲོག་ཁུལ་དུ་ཐོག་མའི་བསམ་འདུན་བསྲུངས་ཏེ་ཡུལ་མི་ཚོར་སྨན་པའི་བྱམས་སེམས་བཅངས་པ།
ཞོགས་པར་ས་མཐོའི་གྲང་ངར་མ་ཡལ་གོང་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རིན་ཆེན་གྲོང་ཚོའི་རྩྭ་ཐང་དུ་ལས་ལ་བྲེལ་བའི་གཟུགས་བརྙན་ཞིག་མཐོང་རྒྱུ་ཡོད། སྨན་སྒམ་རྙིང་པ་ཞིག་ཁུར་ཞིང་སྦག་སྦག་ལ་བཞོན་ཏེ་ཡངས་པའི་འབྲོག་རར་སྐྱོད་བཞིན་པའི་ཁོང་ནི་གྲོང་གསེབ་ཀྱི་སྨན་པ་དཀྱུས་མ་ཚེ་རིང་བཀྲ་ཤིས་རེད། ཏང་ལོ་10ལྷག་ཙམ་ཟིན་པའི་གུང་ཁྲན་ཏང་ཡོན་ཞིག་ཡིན་ཞིང་། 2026ལོར་ལྷ་ས་གྲོང་ཁྱེར་གྱི་སྐབས་གསུམ་པའི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་ཐོབ་མྱོང་ཡོད།
མིག་སྔར་ཕྱུགས་རིགས་ཀྱི་རིམས་ནད་ཐོན་མང་བའི་དུས་སྐབས་ཡིན་ཞིང་། དེ་གའི་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་འབྲི་གཡག་ལ་ཟས་འཇུ་བདེ་པོ་མེད། “དུས་ཚོད་སྐར་ཆ་གཅིག་ཀྱང་ནར་འགྱངས་བྱེད་མི་རུང”ཞེས་ཚེ་རིང་བཀྲ་ཤིས་ཀྱིས་འབྲོག་པའི་ལྷས་རར་སྐྱོད་ཞོར་གསར་འགོད་པར་བཤད།
རྣམ་པ་དེ་ཁོང་གིས་ལོ་ཉི་ཤུ་རྩ་གསུམ་རིང་ཉིན་གཅིག་ལྟར་རྒྱུན་འཁྱོངས་བྱས་ཡོད། ཐག་རིང་ཤོས་ཀྱི་འབྲོག་ར་ནས་ཕྱུགས་རིགས་སྨན་ཁང་བར་ལ་སྤྱི་ལེ་བཅུ་ལྷག་ཙམ་གྱི་རི་ལམ་ཡོད་པ་དང་སྦག་སྦག་ཐར་གྱི་མེད་པའི་སྐབས་སུ་རྐང་ཐང་མར་ལ་བརྒྱབ་ཀླུང་བརྒལ་བྱེད་དགོས་ཀྱི་ཡོད། རོགས་སྐྱོར་བྱེད་རོགས་ཞུ་བའི་ཁ་པར་ཞིག་འབྱོར་ཚེ་ཁོང་གིས་སྨན་སྒམ་ཁུར་ནས་ཕྱིར་བཤོལ་མེད་པར་ཤོར་རྐྱང་བྱེད་ཀྱི་ཡོད། འབྲོག་པ་མང་ཚོགས་ཀྱིས“ཚེ་རིང་བཀྲ་ཤིས་ཡོད་ཚེ། ནོར་ལུག་ལ་ནད་ཕོག་རུང་ལྟ་མཁན་ཡོད་པས་ང་ཚོ་བློ་བདེ་པོ་འདུག”ཅེས་བརྗོད་ཀྱི་ཡོད།
ཁོང་གིས་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་ནི་ཕྱུགས་ཟོག་ལ་སྨན་བཅོས་བྱེད་པ་ཙམ་མིན། ཕྱུགས་རིགས་ལ་འགན་བཅོལ་གཉེར་རིང་ཁོང་གིས་དུད་ཚང་རེ་རེ་བཞིན་བསྐྱོད་དེ་ནོར་ལུག་རྩིས་རྒྱག་པ་དང་། པར་བརྒྱབ་ནས་ཡིག་ཚགས་བཟོ་བ། རིན་པ་མེད་པར་རེ་ཞུའི་འགྲོ་ལུགས་ཚབ་གཉེར་བཅས་བྱས་ནས་གྲོང་ཚོ་ཡོངས་ཀྱི་འགན་བཅོལ་ལེན་དགོས་རིགས་ཀྱི་ཕྱུགས་རིགས་ཚང་མར་འགན་བཅོལ་བཟོས་ཏེ་འབྲོག་པའི་རྒྱུ་ནོར་སྲུང་རོགས་བྱེད་ཀྱི་ཡོད།
རྒྱུན་གཏན་གྱི་སྐོར་སྐྱོད་སྨན་བཅོས་ཕུད་ཚེ་རིང་བཀྲ་ཤིས་ཀྱིས་ད་དུང་རིམས་འགོག་དྲིལ་བསྒྲགས་པ་བྱས་ཤིང་། ཁོང་གིས“དགུན་དུས་ཀྱི་འབྲོག་ཁུལ་གྱི་རིམས་འགོག་སློབ་ཁང”གཉེར་ནས་སྐད་གཉིས་ཀྱི་རིམས་འགོག་བརྡ་ཁྱབ་བྲིས་པ་དང་། ངག་ནས་འདོན་སླ་བའི་བོད་སྐད་ཀྱི་རིམས་འགོག་གི་ཁ་རྒྱུག་སྙན་ཚིག་རྩོམ་གྱི་ཡོད། ལོ་མང་རིང་ཁོང་གིས་རིམ་རྩིས་བརྒྱབ་ན་འབྲོག་པ་མང་ཚོགས་མི་ཐེངས་600ལྷག་ཙམ་ལ་གསོ་སྦྱོང་བྱས་པས་གྲོང་ཚོ་ཡོངས་ཀྱི་ཕྱུགས་རིགས་ལ་ནད་ཕོག་ཚད་40%ཙམ་ཆག་ཡོད། འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་བྱམས་བརྩེའི་ངང་ཕྱུགས་ཟོག་བདེ་ཐང་གི་རིགས་གཅིག་མཁས་ཅན་ཞེས་འབོད་ཀྱི་ཡོད།
ཉིན་མཚན་བརྒྱད་སྟོང་ལྷག་ཙམ་རིང་ཁོང་གིས་ལོར་ཆ་སྙོམས་སྨན་བཅོས་བྱེད་པར་བསྐྱོད་པའི་ལམ་ཐག་སྤྱི་ལེ་3000ལྷག་ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཕྱུགས་ཟོག་ཁྲི་2.5ལྷག་ཙམ་ལ་སྨན་བཅོས་བྱས་པ། ནད་དཔེ་1250ལྷག་ཙམ་ཐག་གཅོད་བྱས་ཡོད།
ཉི་མ་ནུབ་ཁར་ཚེ་རིང་བཀྲ་ཤིས་ཀྱིས་སླར་ཡང་སྨན་སྒམ་རྙིང་པ་དེ་ཁུར་ནས་སྦག་སྦག་ལ་བཞོན་ཏེ་འབྲོག་དུད་ཅིག་ཏུ་བསྐྱོད། རྒྱབ་ཕྱོགས་ཀྱི་རྩྭ་ཐང་མུ་མཐའ་མེད་པ་དང་མདུན་ཕྱོགས་ཀྱི་ལམ་བུ་ཀྱག་ཀྱོག་ཡིན་ཡང་ཁོང་གིས་ལོ་23རིང་ཉིན་གཅིག་ལྟར་མཐའ་འཁྱོངས་བྱས་ཏེ་གངས་ལྗོངས་ཀྱི་འབྲོག་རར་མི་སེམས་འགུལ་བའི་ལེགས་སྐྱེས་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།