དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིམ་མངར་འབྲས་བུ་བྱུར་བུར་བཏགས། དུས་བཞིར་ཕྱོགས་བཞིའི་མགྲོན་པོ་བསུས།

    ——རྫ་ཡུལ་རྫོང་ཤག་གཉིས་གྲོང་ཚོས་འཐུ་རོལ་དཔལ་འབྱོར་ལ་བརྟེན་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    འདི་ནི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ཤག་གཉིས་གྲོང་ཚོའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཡུལ་སྐོར་བས་ཤིང་འབྲས་འཐུ་བའི་སྤྲོ་སྣང་ལ་རོལ་བཞིན་པ།

    དབྱར་གཞུང་དུས་སུ། རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ཤག་གཉིས་གྲོང་ཚོའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་འབྲས་བུ་སྨིན་པའི་དུས་ལ་སླེབས་ཤིང་། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཤིང་འབྲས་ལྡུམ་རར་བསྐྱོད་དེ་ཤིང་འབྲས་འཐུ་བའི་སྤྲོ་སྣང་ལ་རོལ་བཞིན་ཡོད་པས། རྫོང་གྲོང་དང་ཐག་ཉེ་བའི་གྲོང་ཚོ་ཆུང་ངུ་དེའི་དཔལ་འབྱོར་འཁྲུག་ཆ་དོད་དུ་ཕྱིན་ཡོད།

    ཤག་གཉིས་གྲོང་ཚོ་རྫ་ཡུལ་རྫོང་གྲོང་དང་ཐག་རིང་པོ་མེད་པས་འགྲིམ་འགྲུལ་སྟབས་བདེ་ལ་ཉི་འོད་ཧ་ཅང་དྲོ་ཞིང་ས་རྒྱུ་གཤིན་པར་བརྟེན་ས་མཐོའི་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་གཏོང་བའི་རང་བྱུང་ཆ་རྐྱེན་འཛོམས་ཡོད། ས་གནས་དེ་གས་ཡུལ་བབ་དང་བསྟུན་ནས་ཤིང་འབྲས་དང་སྔོ་ཚལ་སྤུས་ལེགས་འདེབས་འཛུགས་དང་སྤྲོ་འཆམ་ངང་འཐུ་ལ་རོལ་བའི་ལས་རྣམ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྲོལ་རྒྱུན་གྱི་རྨོ་འདེབས་དེ་ཞིང་ལས་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི་མཉམ་འདྲེས་རྣམ་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན་ཏེ་ཤིང་འབྲས་དང་སྔོ་ཚལ་སྤུས་ལེགས་འདེབས་འཛུགས་དང་སྤྲོ་འཆམ་ངང་འཐུ་ལ་རོལ་བ་མཉམ་དུ་གཉེར་སྐྱོང་བྱེད་ཀྱི་ཡོད།

    གླིང་ཁུལ་གྱི་ཤིང་འབྲས་དང་སྔོ་ཚལ་གྱི་སྤུས་ཀ་དག་པོ་དགོས་ན་བདག་སྐྱོང་གི་མ་ལག་བརྟན་པོ་དགོས་ཀྱི་ཡོད། གླིང་ཁུལ་དེས་ས་ཁྱོན་མུའུ་21བཟུང་བ་དང་དྲོད་ཁང་སྟར་པ་7བསྐྲུན་པ་དེ་ནི་རྫ་ཡུལ་རྫོང་གྲོང་གི་མཐའ་འཁོར་དུ་གཞི་ཁྱོན་ཅུང་ཆེ་བ་དང་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་འཛོམས་པའི་ཤིང་འབྲས་དང་སྔོ་ཚལ་སྤུས་ལེགས་ཀྱི་དཔེ་སྟོན་རྟེན་གཞི་ཞིག་རེད། གླིང་ཁུལ་དེས་གནོད་མེད་སྐྱེ་ཁམས་འདེབས་འཛུགས་མཐའ་འཁྱོངས་བྱས་ནས་ས་མཐོར་ཉི་འོད་ཧ་ཅང་ཡག་པ་དང་ས་ཆུ་གཙང་བའི་ཆ་རྐྱེན་སྤྱད་དེ་ཤིང་འབྲས་དང་སྔོ་ཚལ་ལ་བདག་སྐྱོང་ཞིབ་ཚགས་བྱེད་ཀྱི་ཡོད། ཤིང་འབྲས་ཚང་མ་རང་བཞིན་ངང་སྨིན་པ་ལས་སྨིན་འགྱུར་སྨན་རྩི་རྒྱག་གི་མེད་ལ་ཞིང་སྨན་ཡང་ཉུང་ཉུང་ལས་མི་རྒྱག་པར་ཤིང་འབྲས་དང་སྔོ་ཚལ་གྱི་བྲོ་བ་ཞིམ་པོ་དང་སྤུས་ཀ་ཡག་པོ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། གདམ་ག་དེ་ནི་འཛད་སྤྱོད་པས་བཟའ་བཅའི་བདེ་འཇགས་དེ་བས་ཡག་པོ་ཡོང་བའི་རེ་བ་དང་མཐུན་ཡོད་ལ། རྗེས་མཐུད་ཀྱི་ཡུལ་སྐོར་འཐུ་རོལ་ལས་རྣམ་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོའང་བཏིང་ཡོད།

    དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཤིང་འབྲས་འཐུ་རོལ་དཔལ་འབྱོར་གྱིས་གྲོང་གསེབ་ཏུ་ལྟ་སྐོར་བྱེད་མཁན་མང་དུ་འགྲོ་བ་དང་ས་གནས་དེ་གའི་དམངས་ཕན་འཛད་སྤྱོད་རིམ་སྤོར་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་དང་གྲོང་མི་ས་གནས་དེ་གར་ལས་ཞུགས་ཕྱུག་འགྱུར་ཡོང་བའི་ཕྱོགས་གཉིས་ཀྱི་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་ཕྱིན་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་དང་། མང་ཚོགས་ལ་འབབ་འཕར། གྲོང་གསེབ་མཛེས་སྡུག་བཅས་ཀྱི་སྣ་མང་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ཐོན་ཡོད།

    སླད་ཕྱིན་གླིང་ཁུལ་གྱིས་ཀྱང་ཤིང་འབྲས་དང་སྔོ་ཚལ་གྱི་སྣ་ཁ་མུ་མཐུད་ཕུན་སུམ་ཚོགས་སུ་དང་ལེ་ལག་ཚང་བའི་ཞབས་ཞུ་ལེགས་སུ་བཏང་ནས་ས་མཐོའི་གྲོང་གསེབ་ཀྱི་འབབ་འཕར་ཐབས་ལམ་ཇེ་ཡངས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།