ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་དམངས་འཚོ་འགན་སྲུང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།
གནད་སྨིན་ཞབས་ཞུར་བརྟེན་ནས་དབང་པོ་སྐྱོན་ཅན་ལ་བདེ་སྐྱིད་བསྐྲུན་པ།
ད་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ཏན་ཏིག་གི་དམངས་འཚོའི་བྱ་ཐབས་རབ་དང་རིམ་པ་བཏོན་ནས། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་དམངས་ཕན་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། གནད་སྨིན་ཞབས་ཞུར་བརྟེན་ནས་དབང་པོ་སྐྱོན་ཅན་ལ་བདེ་སྐྱིད་བསྐྲུན་ཡོད་པ་རེད།
ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་མི་སྤྱི་སྡེ་ཚན་དང་མཉམ་དུ་རྣ་ཤེད་ཉམས་པའི་མི་ཞིག་གི་ངལ་རྩོལ་ཐོབ་ཆའི་རྩོད་གཞི་ནུས་ཆེའི་ངང་ཐག་གཅོད་བྱས་ཤིང་། ཆེད་ལས་ཅན་དང་སེམས་རྩ་འཁོལ་བའི་འདུམ་འགྲིག་ཞབས་ཞུ་བརྒྱུད། དོ་བདག་ལ་འགྱངས་ཆད་བྱས་པའི་གླ་ཆ་འདེད་ལེན་བྱེད་རོགས་བྱས་ནས། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ངལ་རྩོལ་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣ་ཤེད་ཉམས་པའི་གླ་པ་དེ་སྐད་བརྡ་འཕྲོད་དཀའ་བས། ལས་ཡུལ་ཚོང་ཁང་སྦྱིན་བདག་དང་གླ་ཆ་རྩིས་རྒྱག་དུས་འགལ་ཟླ་བྱུང་ནས། ཁེ་དབང་སྲུང་སྐྱོང་ལས་དོན་སྐབས་ཤིག་རིང་ཐག་ཆོད་མེད། མང་ཚོགས་ཀྱི་རེ་ཞུ་འབྱོར་རྗེས། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་དང་མི་སྤྱི་སྡེ་ཚན་གྱིས་འཕྲལ་དུ་ཆེད་དོན་འདུམ་འགྲིག་ཚོགས་ཆུང་བཙུགས་ནས། དོ་བདག་གི་དམིགས་བསལ་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོར་ཆེད་ལས་ལག་བརྡའི་ལས་དོན་པ་བཀོད་སྒྲིག་གིས་གནད་ལ་འཁེལ་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ། ཕྱོགས་གང་ས་ཅི་ཐད་ནས་དོ་བདག་གི་རེ་ཞུ་བརྒྱུད་སྤྲོད་གསལ་པོ་ཐུབ་པ་དང་དོ་བདག་གིས་འདུམ་འགྲིག་གི་བརྒྱུད་རིམ་ཧྲིལ་པོ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཤེས་རྟོགས་ཐུབ་པར་བྱས་ཡོད། ཕྱོགས་གཉིས་པོར་འགྲེལ་བཤད་གསལ་པོ་དང་ངང་རྒྱུད་རིང་པོས་འབྲེལ་མཐུད་བྱས་པ་བརྒྱུད། ཕྱོགས་གཉིས་པོའི་དབར་མཐུན་འགྲིག་བྱུང་སྟེ། ཚོང་ཁང་སྦྱིན་བདག་གིས་ཁོ་པར་འགྱངས་ཆད་གླ་ཆ་གྲངས་ཚང་སྤྲད་པ་རེད། ད་ཐེངས་ཀྱི་འདུམ་འགྲིག་བརྒྱུད། རྣ་ཤེད་ཉམས་པའི་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་པ་མ་ཟད། སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་ཡང་དེ་བས་ལེགས་པའི་སྒོ་ནས་མངོན་ཡོད་པ་རེད།
རྣ་ཤེད་ཉམས་པའི་མི་སྣའི་གླ་ཆའི་རྩོད་གཞི་ཐག་གཅོད་གནད་སྨིན་དང་ངལ་རྩོལ་ཁེ་དབང་འགན་སྲུང་བྱས་པ་ནས། ཐོགས་མེད་ཀྱི་སྲིད་དོན་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་དབང་སྐྱོན་རོགས་སྐྱོར་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་བར་དང་། དེ་ནས་གསོ་བཅོལ་སྒྲིག་གཞིའི་ཆེད་ལས་ལྟ་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་བར། ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་དམངས་འཚོའི་བདེ་འཇགས་དྲ་བའི་ཚགས་རྒྱུན་མཐུད་དམ་དུ་བཏང་སྟེ། བྱ་བ་དངོས་དང་བྱ་ཐབས་རེ་རེ་ལ་བརྟེན་ནས་དབང་སྐྱོན་རོགས་སྐྱོར་ཞབས་ཞུར་མཐུན་རྐྱེན་གནད་སྨིན་སྦྱར་ཏེ། དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།