དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དགེ་སྤེལ་ལེགས་བརྩོན་བྱེད། འབད་པ་དང་དུ་ལེན།

    ——ནག་ཆུ་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ལུས་རྩལ་ཐང་གི་རྣམ་པ་འཁྲུག་ཆ་དོད་ཅིང་། བཀྲ་ཤིས་ནོར་གཡང“བྱམས་པ”འགྱིང་ངེར་བསླངས་ནས་དབང་པོ་སྐྱོན་ཅན་ལུས་རྩལ་པ་150དང་མཉམ་དུ་ཁོང་ཚོར་དབང་བའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་བསུ་བ་ཞུས་པ་རེད།

    བརྩེ་སེམས་ཀྱིས་ཕྱུག་པའི་རིག་རྩལ་ལུས་རྩལ་འཁྲབ་སྟོན་དང་སྦྲགས་ནས་འགྲན་བསྡུར་འགོ་ཚུགས་ཤིང་། གར་སྟེགས་སུ་ལག་བརྡའི་མཉམ་གཞས《འཛམ་གླིང་གིས་ང་ལ་བསྩལ་བ》ཞེས་པས་ཚོགས་ར་ཡོངས་ལ་སྐུལ་མ་ཐེབས་པ་དང་། གཞས་གཏོང་མཁན་གཙོ་བོ་ལོ་18ལ་སླེབས་པའི་སྐལ་བཟང་ལྷ་མོ་ནི་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པ་འགྲིམ་བཞིན་ཡོད་པ་དང་། མ་གཞི་ཁོ་མོའི་མིག་གཉིས་ལོང་བར་གྱུར་ནའང་འཛུམ་མདངས་ཀྱིས་ཁེངས་ཡོད། སྙན་འཇེབས་ལྡན་པའི་གླུ་སྒྲ་ཚོགས་ར་ཡོངས་སུ་གྲགས་པ་དེ་ནི་རྣ་བར་སྙན་ཞིང་སྟོབས་ཤུགས་དང་ལྡན་པ་ཞིག་ཡོད་པས་ལྟད་མོ་བ་ཚང་མ་སེམས་འགུལ་ཐེབས།

    རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས་འགྲན་རའི་རྩལ་འགྲན་དངོས་སུ་འགོ་ཚུགས་ཤིང་། སྨི་50ཡི་འདུར་རྒྱུག་དང་རྐུབ་སྟེགས་འཁོར་ལོའི་བི་ཤུ་འཁྲབ་སྟོན་འགྲན་བསྡུར་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས་གཙོ་གཉེར་ཕྱོགས་ཀྱིས་རྣམ་གྲངས་ཁག་གི་བྱ་དགའ་ཨང་དང་པོ་ནས་གསུམ་པ་ཐོབ་མཁན་གྱི་ལུས་རྩལ་པར་བྱ་དགའ་སྤྲད་པ་རེད།

    འགྲན་ར་ཕུད་ད་དུང་སྤྲོ་འཕེལ་ཉམས་ལེན་ཁུལ་དུའང་མི་མང་པོ་ཡོད་ཅིང་། མི་རིགས་ཀྱི་སྲོལ་རྒྱུན་རོལ་རྩེད་དང་AIཡི་མིག་མངས་རྩེ་བ་སོགས་སྤྲོ་གསེང་རིག་འཕེལ་རྣམ་གྲངས་དཀའ་རྙོག་ཆུང་བ་དང་། སྤྲོ་འཕེལ་ལྡན་པ། ལུས་སེམས་ལ་ཕན་པ་བཅས་ཡོད་པ་ལས་དབང་པོ་སྐྱོན་ཅན་གྱི་གཞོན་ནུ་ལོ་ཆུང་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད།

    ད་ཐེངས་ལུས་རྩལ་འདུ་ཚོགས་ཀྱི་དུས་ཡུན་ཉིན་3ཡིན་པ་དང་། རྣམ་གྲངས་ཆེ་གྲས་3དང་རྩལ་འགྲན་རང་བཞིན་དང་སྤྲོ་འཕེལ་རང་བཞིན་གྱི་རྣམ་གྲངས་18བཀོད་སྒྲིག་བྱས་ཡོད་པ་དང་རྣམ་གྲངས་དེ་དག་དབང་པོ་སྐྱོན་ཅན་གྱི་ལུས་སེམས་གཉིས་ཀར་འཚམ་པོ་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)11དང་། དམིགས་བསལ་སློབ་གསོའི་སློབ་གྲྭ་2 གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ལྟེ་གནས་བཅས་ཀྱི་འཐུས་མི་རུ་ཁག་14ཡི་ལུས་རྩལ་པ་150འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ལས་འཛིན་ཀྲང་ཟླ་སྒྲོན་གྱིས། ད་ཐེངས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་གཉེར་བ་ནི་ནག་ཆུ་གྲོང་ཁྱེར་གྱིས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་དང་བདེ་ཐང་གི་ནག་ཆུ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་ཡིན་ལ། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་བདེ་ཐང་བ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་ཤེས་དཔལ་ཆུ་ཚད་མངོན་པ་བཅས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་དེ་བས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།