དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་སེམས་དྲོས་པའི་མཚན་མོའི་རྣམ་པ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་ཟློས་གར་ཁང་གི་མདུན་དུ། གསར་འགོད་པས་མི་སེམས་དྲོས་པའི་རྣམ་པ་ཞིག་མཐོང་བ་སྟེ། ལས་གོས་གྱོན་པའི་མི་དམངས་ཉེན་རྟོག་པ་ཞིག་གིས་རྐང་པ་ཐང་པོ་མེད་པའི་རྨོ་བོ་ལགས་ཤིག་བསྐྱོར་ཏེ་དལ་བུར་འགྲོ་བཞིན་པའི་རྒྱབ་གཟུགས་ནི་མི་སེམས་དབང་མེད་དུ་འགུལ་བ་ཞིག་འདུག

    གསར་འགོད་པས་སྐད་ཆ་དྲིས་པ་བརྒྱུད། མི་དམངས་ཉེན་རྟོག་པ་ཁོང་ནི་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ་པད་མ་རྡོ་རྗེ་ཡིན་པ་རེད། ཁོང་ལས་འགན་སྒྲུབ་བཞིན་པའི་སྐབས་སུ་རྨོ་བོ་ལགས་དེས་ཁོང་ལ་རང་ཉིད་ཀྱི་བུ་མོར་འབྲེལ་བ་བྱེད་རོགས་ཞེས་ཞུས།

    ལོ་83ལ་སླེབས་པའི་རྨོ་བོ་ལྷག་སྒྲོན་ནི་ཁོ་རང་གཅིག་པུར་ལྟད་མོ་ལྟ་བར་ཡོང་བ་དང་། བུ་མོས་ཁོང་ཟློས་གར་ཁང་གི་སྒོ་རྩར་བསྐྱལ་རྗེས་ཕྱིར་ལོག འཁྲབ་སྟོན་གྲོལ་རྗེས་མི་ཧ་ཅང་མང་པོ་ཡོད་པའི་ཁར་ས་རྦད་དེ་རུབ་པས་རྨོ་བོ་ལགས་ཁ་ཕྱོགས་འཛོལ་བ་དང་། བུ་མོས་རང་ཉིད་རྙེད་ཨ་ཡོང་སྙམ་ནས་འཁྲིས་སུ་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པ་པད་མ་རྡོ་རྗེར་སྐྱབས་འཇུག་ཞུས།

    “མ་གཞི་ངས་ཁོང་ངོ་མ་ཤེས་ཀྱང་། མི་དམངས་ཉེན་རྟོག་པ་ཁོང་རྣམ་པ་ནི་བློས་འཁེལ་ཤོས་ཡིན་པ་ཤེས་ཀྱི་ཡོད”ཅེས་རྨོ་བོ་ལྷག་སྒྲོན་གྱིས་པད་མ་རྡོ་རྗེའི་ལག་པར་ཅག་ཅག་གཏོང་བཞིན་གསར་འགོད་པར་བཤད། སྐར་མ་15ཙམ་སོང་རྗེས། རྨོ་བོ་ལྷག་སྒྲོན་གྱི་བུ་མོ་ཚེ་དཔལ་རྟབ་རྟབ་པོར་ཡོང་། པད་མ་རྡོ་རྗེས་རྨོ་བོ་ལྷག་སྒྲོན་གྱི་ལག་ནས་བཟུང་སྟེ་གཟབ་གཟབ་ངང་བསྐྱོར་ནས་རླངས་འཁོར་ནང་སྡོད་དུ་བཅུག

    “སྤྱི་བདེ་མི་དམངས་ཉེན་རྟོག་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ཨ་མ་ལགས་ལ་ལྟད་མོ་ལྟ་རོགས་བྱེད་མ་ཐུབ་པས་བློ་བདེ་པོ་མ་བྱུང་། ཡིན་ནའང་ཨ་མ་ལགས་ཟློས་གར་ཁང་དུ་འཛུལ་སྐབས་སྤྱི་བདེ་མི་དམངས་ཉེན་རྟོག་པས་སྐྱོར་རོགས་བྱས་བྱུང་ལ་ལྟད་མོ་གྲོལ་རྗེས་ཀྱང་སྐྱོར་རོགས་བྱས་བྱུང་། དེར་བརྟེན་ང་ཚོ་བློ་བདེ་པོ་བྱུང”ཞེས་ཚེ་དཔལ་གྱིས་སེམས་འགུལ་ཐེབས་བཞིན་བཤད།

    དེ་ནས་གྱེས་སྐབས། “ཐུགས་རྗེ་ཆེ”ཞེས་རྨོ་བོ་ལྷག་སྒྲོན་གྱིས་ཡང་བསྐྱར་པད་མ་རྡོ་རྗེའི་ལག་ནས་འཇུས་ཏེ་བཤད།

    གནས་ཚུལ་ཆུང་ངུ་འདི་ལས་གསར་འགོད་པས་པད་མ་རྡོ་རྗེ་ནི་སེམས་རྩ་འཁོལ་ལ་འཇོན་པོ་ཞིག་ཡོད་པ་ཤེས་བྱུང་།

    2025ལོའི་ཟླ་2ཚེས་9ཉིན། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་སྤྱི་རྟགས་སུ《པད་མ་རྡོ་རྗེ། གྱོང་པོ་བྱུང》ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། པད་མ་རྡོ་རྗེ་ཟེར་བའི་ཉེན་རྟོག་པ་ཞིག་གིས་ཁྲེང་ཏུའུ་ཡི་ཟ་ཁང་ཞིག་ཏུ་ཟ་མ་ཟ་སྐབས་དཔའ་ངར་ཆེན་པོས་མེ་གསོད་རོགས་བྱས་པའི་བྱས་རྗེས་བཀོད་ཡོད། དེའི་ནང་བརྗོད་པའི“པད་མ་རྡོ་རྗེ”ནི་གསར་འགོད་པའི་མིག་མདུན་གྱི་པད་མ་རྡོ་རྗེ་ཡིན་པ་རེད།

    “གླེང་རིན་གང་ཡོད། དེ་ཚོ་ཚང་མ་ང་ཚོ་མི་དམངས་ཉེན་རྟོག་པས་སྒྲུབ་འོས་པའི་ལས་ཀ་རེད”ཅེས་པད་མ་རྡོ་རྗེས་ལག་པ་གཡུག་གཡུག་བྱེད་བཞིན་མུ་མཐུད་ལས་འགན་སྒྲུབ་པར་སྐྱོད་པའི་རྒྱབ་གཟུགས་མུན་པའི་ཁྲོད་དུ་ཡལ།

    དཀའ་ངལ་འཕྲད་ན་མི་དམངས་ཉེན་རྟོག་པ་འཚོལ་ཞེས་པ་འདི་ནི་ཁས་ལེན་ཙམ་མིན་པར་སྨག་རུམ་མུན་པའི་ཁྲོད་ཀྱི་རེ་བ་བཅོལ་ས་ཡག་ཤོས་ཤིག་དེ་བས་ཀྱང་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།