མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་བྱེད་ནུས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས་མང་ཚོགས་ཞུགས་པའི་ཐབས་ལམ་རྒྱ་ཆེར་བཏང་བ།
ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱིས། དམངས་ཀྱི་སེམས་ཁྲལ་མྱུར་དུ་སེལ།

འདི་ནི་ཉེ་ཆར་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་པ་འོམ་ཆུ་གྲོང་རྡལ་མཚོ་གསར་གྲོང་ཚོའི་དབྱར་སྟོན་རྩྭ་ཐང་དུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་དང་ཡུལ་བབ་དམངས་འདུན་བསྡུ་རུབ་བྱེད་བཞིན་པ།

འདི་ནི་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་རོང་བོ་གྲོང་རྡལ་དུ་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་པས་གྲོང་མི་སྒྲིག་འཛུགས་བྱས་ཏེ“རོང་བོའི་བསིལ་ཁང”དུ“ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་+དམངས་ཀྱི་འདོད་བློ་བསྡུ་རུབ”ཀྱི་བྱེད་སྒོ་སྤེལ་བཞིན་པ།
མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་གྲོང་ཚོར“ཏང་གི་བཀའ་ལ་ཉན། ཏང་གི་བཀའ་དྲིན་ཚོར། ཏང་གི་རྗེས་སུ་འབྲང། གྲོང་གསེབ་དར་རྒྱས་གཏོང”བཅས་ཀྱི་ཡིག་འབྲུ་དམར་པོ་ཆེན་པོ་དེ་དག་སྔོ་བསངས་ཀྱི་ནམ་མཁའི་འོག་མངོན་གསལ་དེ་བས་དོད་པོ་ཡོད། ཉེ་ཆར། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་སྒྲོག་འགྲེལ་ཚོགས་འདུ་གྲོང་ཚོར་འཚོགས་ཤིང་། མང་ཚོགས་ཀྱི་འཐུས་མི་30ལྷག་ཙམ་གྱིས་བློ་རྩེ་གཅིག་སྒྲིམ་ངང་ཚོགས་འདུ་ཉན་པ་དང་ཟིན་བྲིས་ཡང་ཡང་བརྒྱབ་པ་རེད།
2023ལོའི་ཟླ་12པར་འོམ་ཆུ་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སུ་གྱུར། འཁོར་རྒྱུག་བྱས་ཚུན། འབྲེལ་གཏུག་ས་ཚིགས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་ལག་ལེན་བསྟར་ཏེ“སྒོ་ཕྱེ་ནས་ཁྲིམས་འཛུགས་པ་དང་། ཐབས་ཇུས་དམངས་ལ་འདྲི་བ། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། དམངས་ཀྱི་བསམ་འདུན་མཚོན་པ”བཅས་མཐའ་འཁྱོངས་བྱས་ཏེ་ས་མཐོའི་མི་རིགས་ས་ཁུལ་དང་འཚམ་པའི་གཞི་རིམ་གྱི་ཁྲིམས་འཛུགས་དམངས་འདོད་དང་བརྒྱུད་ཁྲིད་གཡུལ་ས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
ད་ཆ་མཚོ་སྔོན་གྱི་ས་གནས་ཁག་ཏུ་ཁྱབ་པའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་འགན་ནུས་དེ་ཁྲིམས་འཛུགས་ནང་ཞུགས་པ་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་། ཁྲིམས་སྲུང་ལ་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཞབས་ཞུ། རྩོད་གཞི་སེལ་བ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་བར་སྣུར་སྲིང་བྱས་ཡོད། ཁྲིམས་འཛུགས“ཐད་གཏོང་རླངས་འཁོར”ཡང་དམངས་འདོད་ཀྱི“སེམས་སྦྲེལ་ཟམ་པ”ཡིན་པས། གཞི་རིམ་མང་ཚོགས་གོ་རིམ་ལྡན་པའི་ངང་ཁྲིམས་འཛུགས་ནང་ཞུགས་པར་འགན་སྲུང་བྱས་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལས་བཅོས་སྐྱོང་གི་ཕན་ནུས་ཆེན་པོ་ཐོན་ཡོད།
སྟོན་འགོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་མཐའ་ཡས་ཀླུང་ཐང་གནམ་གྱི་མཐའ་དང་སྦྲེལ་བ་དང་ས་གཞི་ཆེ་མོར་མཚོ་དང་མཚེའུས་བརྒྱན་ལ་ལམ་འགྲམ་དུ་གཙོད་དང་རྐྱང་ཅི་དགར་རྒྱུ་བཞིན་ཡོད། བརྙན་འཕྲིན་འཁྲབ་གཞུང《བླ་ཤིང》ཞེས་པ་བསྟན་པ་དེས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཏམ་རྒྱུད་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་ཐུབ་ཅིང་། འཁྲབ་གཞུང་ནང་གི་རུ་དཔོན་རྡོ་རྗེའི་མ་དཔེ་གཅིག་ནི་གངས་ལྗོངས་ས་མཐོར་སྐུ་གཤེགས་པའི་དཔའ་བོ་རྒྱས་བཟང་བསོད་ནམས་དར་རྒྱས་རེད།
ད་ལོའི་དབྱར་གསེང་རིང་ཡུལ་སྐོར་བ་མི་ཉུང་བ་ཞིག་བསོད་ནམས་དར་རྒྱས་རང་བྱུང་སྲུང་སྐྱོང་ས་ཚིགས་སུ་སླེབས་ཡོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཡིན་པའི་སྲུང་སྐྱོང་ས་ཚིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་བར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་རེད།
“སྐྱེ་ཁམས་སྲུང་སྐྱོང་ནི་ཕན་འབྲས་བསྐལ་བརྒྱར་ཐོན་པའི་དོན་ཆེན་ཞིག་རེད། འོན་ཀྱང་རི་སྐྱེས་སྲོག་ཆགས་ཇེ་མང་དུ་སོང་བ་དེས་སྒོ་ཕྱུགས་ལ་གནོད་འཚེ་ཕོག་གི་ཡོད་ལ་སྐབས་རེ་ལོ་གང་པོར་དཀའ་སྤྱད་ངལ་རྩོལ་བྱས་པ་ཚང་མ་སྟོང་ཟད་དུ་འགྲོ་གི་ཡོད”ཅེས་ཁུ་ནུ་རི་འདབས་ཀྱི་རྩྭ་ཐང་སྟེང་གི་འབྲོག་པ་ཀྲང་ག་གེ་མོས་སེམས་གཏིང་གི་སེམས་ཁྲལ་བཤད།
“དེ་བས་ཚན་རིག་དང་མཐུན་པ་དང་དེ་བས་ཞིབ་ཚགས་ཀྱི་བཅའ་ཁྲིམས་ལམ་ལུགས་བཟོ་བ་དང་། བབ་བསྟུན་དོ་དམ་ཚོད་འཛིན་ལམ་སྲོལ་བཟོ་བ། དམངས་འཚོ་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད”ཅེས་འབྲོག་ཁུལ་དུ་ལོ་བཅུ་ཕྲག་ཁ་ཤས་གཞིས་ཆགས་པའི་འབྲོག་དུད་རྒན་གྲས་ཀྱིས་རྒྱ་ཆེའི་འབྲོག་པའི་ཐུན་མོང་གི་བསམ་འདུན་བཤད་པ་རེད།
མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། མི་སེམས་དྲོ་བ། སྤྱོད་གོ་ཆོད་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་རེ་རེ་བཞིན་རྒྱུན་ཆད་མེད་པར་གཅིག་བསྡུས་བྱས་ཤིང་། འཚོལ་བསྡུ་དང་ལེགས་སྒྲིག་ཐེངས་མང་བྱས་པ་བརྒྱུད་གོར་མོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རིམ་རྩིས་བརྒྱབ་ན་བསམ་འཆར་དང་གྲོས་འགོ་39གསེད་བཀྲོལ་དང་གོང་ཞུ་བྱས་པ་རེད།
“གཞི་རིམ་གྱི་ཁྲིམས་འཛུགས་དམངས་འདོད་འཚོལ་བསྡུའི་ལས་དོན་ནི་གཞུང་ལས་ཁང་དུ་འུད་ཤོབ་ཤོད་པ་ཞིག་གཏན་ནས་མིན་པར་འཐབ་ས་དང་པོར་བསྐྱོད་པ་དང་། མང་ཚོགས་དང་ཉེ་བཅར། འཚོ་བ་དང་མཉམ་འདྲེས་བཅས་བྱེད་དགོས་ཀྱི་ཡོད”ཅེས་གོར་མོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བ་ཅུས་པང་ཆིང་གིས་བཤད་པ་རེད།
ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཝུན་ཧུའེ་ལམ་ཁྲོམ་གཞུང་ཚན་རིག་ཁྱབ་གདལ་ལམ་སྡེ་ཁུལ་དུ་སྐྱོད་སྐབས། ཐོག་བརྩེགས་ཁང་ཆེན་གྲལ་སྟར་འགྲིག་པ་དང་ཚོང་ཁང་དུ་ཚོང་ཉོ་མཁན་ཧ་ཅང་མང་པོ་ཡོད། དེ་གར་ད་དུང“ཐོབ་ཐང”ཞིག་ཡོད་པ་དེ་ནི། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཝུན་ཧུའེ་ལམ་ཁྲོམ་གཞུང་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་ཁྲིམས་འཛུགས་ཆ་འཕྲིན་འཚོལ་བསྡུའི་ས་ཚིགས་དེ་རེད།
ཉེ་བའི་ལོ་ཤས་རིང་། འབྲེལ་གཏུག་ས་ཚིགས་ཀྱིས་སྡེ་ཁུལ་གྱི་འབྲེལ་གཏུག་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། “བཅའ་ཁྲིམས་གསལ་ཤེས་པ” བཅའ་ཁྲིམས་བློ་འདྲི་བ་སོགས་ཀྱི་མི་སྣ་ལས་གྲུབ་པའི་ཆ་འཕྲིན་འཚོལ་བསྡུའི་དཔུང་ཁག་ཡག་པོ་བཙུགས་ཏེ། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་འདྲིས་ཆེ་བའི་བསམ་འཆར་གསར་པ་དུས་ཐོག་ཏུ་བསྡུ་སྒྲིལ་བྱས་ནས“བཅའ་ཁྲིམས་ཀྱི་ཆེད་ལས་སྐད་ཆར”བསྒྱུར་ཡོད།
སྡེབ་གླས་ཁང་པའི་སྐོར་གླེང་སྐབས། ཚན་རྩལ་ཁྱབ་གདལ་ལམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཞའོ་མེ་ཡིས“དེ་སྔ་སྔ་དགོང་སྐད་ཅོར་ཆེན་པོ་རྒྱག་གི་ཡོད་པས་མང་ཚོགས་ཀྱིས་སྡེབ་གླས་ཁང་པའི་ནང་གི་འུར་སྒྲས་སུན་པོ་བཟོ་གི་འདུག་ཅེས་པའི་ཞུ་གཏུག་ཡང་སེ་རྒྱག་གི་ཡོད”ཅེས་བཤད།
ཁྲིམས་འཛུགས་གྲོས་འགོ་བསྡུ་ལེན་བྱེད་ཐེངས་གཅིག་ལ། གྲོང་མི་ཞིག་གིས་ཞོར་དུ་སྡེ་ཁུལ་དེའི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་བཤད་པ་དང་། ཡུན་རིང་མ་སོང་བར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མི་དམངས་ཉེན་རྟོག་པ། སྡེ་ལས་མི་སྣ། སྡེ་ཁུལ་གྱི་ལས་དོན་པ་བཅས་ཀྱིས་མཉམ་འབྲེལ་ཐོག་སྡེབ་གླས་ཁང་པ་གཡར་མཁན་ལ“ཁྲིམས་མཐུན་གནས་ལུགས”ཀྱི་ཁྲིད་སྟོན་བྱས་མཐར་གྲོང་མི་མང་ཚོགས་ལ་སུན་པོ་མི་བཟོ་བའི་གྲོས་མཐུན་བཞག་པ་རེད།
“ད་ཆ་འདི་གར་གོང་ཞུ་དང་རྐུ་འཕྲོག་བྱེད་མཁན་མེད”ཅེས་མཱ་ཞའོ་མེ་ཡིས་སྤོབས་སེམས་ཆེན་པོས་བཤད་པ་དང་། ཁོང་གིས་སྡེ་ཁུལ་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དུས་བཀག་ལྟར་མང་ཚོགས་ལ་སྣེ་ལེན་ཞུ་བའི་བྱེད་སྒོ་སྤེལ་བར་ཡོང་ནས་ས་གནས་ས་ཐོག་ཏུ་ལན་རྒྱག་ཐུབ་རིགས་ལ་འཕྲལ་མར་ལན་རྒྱག་པ་དང་མཐུན་སྦྱོར་ཐག་གཅོད་བྱེད་དགོས་རིགས་དུས་ཐོག་ཏུ་འགན་ནུས་སྡེ་ཚན་དང་འབྲེལ་མཐུད་བྱེད་པ་དང་སྦྲགས་རྗེས་སྙེག་དོན་འཁྱོལ་དང་ཚུར་ལན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལག་བསྟར་སྐོར་གླེང་སྐབས། མཱ་ཞའོ་མེ་ཡིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཐང་ཆེན་ཞབས་བྲོའི་འཛེར་སྒྲ་དང་ཁང་པའི་ཤོད་ཀྱི་ཟ་ཁང་གི་སྣུམ་དྲེག་སོགས་ཁྱིམ་གྱི་སྒོ་འགྲམ་དུ་ཐོན་པའི་སེམས་ཁྲལ་དེ་དག་ཚང་མར་ཁྲིམས་གཞུང་ནང་ནས་ལན་རྙེད་པ་དང་ཉེ་དུས་སྡེ་ཁུལ་གྱིས་ད་དུང་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོའང་སྤེལ་ཡོད་ཅེས་དགའ་ཚོར་ཆེན་པོས་བཤད།
རྨ་ཆུའི་ཆུ་ལག་རིམ་པ་དང་པོ་ཡིན་པའི་དགུ་ཆུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་རོང་བོ་གྲོང་རྡལ་བརྒྱུད་ནས་བཞུར་གྱི་ཡོད་ཅིང་། དགུ་ཆུའི་འགྲམ་དུ“རོང་བོའི་བསིལ་ཁང”ཆགས་པ་དང་། བསིལ་ཁང་དེའི་ནང“ཁྲིམས་འཛུགས་སེམས་སྦྲེལ། དམངས་འདོད་ཐད་གཏོང”དང་། “གཞི་རིམ་དུ་གཞི་ཚུགས་ནས་དམངས་ཀྱི་གནས་ཚུལ་འདྲི། དམངས་ཀྱི་འདོད་ཚུལ་དང་ལེན་བྱས་ཏེ་ཁྲིམས་བཟང་འཛུགས”སོགས་ཀྱི་སྦྱར་ཡིག་འཁོད་པར་སྐད་སྒྲ་མེད་ཀྱང་ཟིལ་ཤུགས་ཀྱིས་ཁེངས་ཡོད།
“ནམ་རྒྱུན་བསིལ་ཁང་རྒྱབ་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་དོན་དག་སྒྲུབ་པར་ཡོང་མཁན་མང་ཚོགས་མང་བས། རྨ་ལྷོ་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གནས་འདིར་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་བཙུགས་པ་རེད”ཅེས་རེབ་གོང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དཔའ་འབུམ་གྱིས་བཤད་པ་དང་། ཁོང་གིས། མི་རིགས་མང་བའི་ཁྱད་ཆོས་ལ་གཞིགས་ནས་ས་གནས་འདི་གས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་འཛུགས་གྲོས་འགོ་བསྡུ་རུབ་བྱེད་པ་དང་ཆབས་ཅིག་བཅའ་ཁྲིམས་ཁྲིམས་སྲོལ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཁྲིམས་སྐྱོང་གི་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
《རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྨ་ཆུའི་ཆུ་ལག་སྲུང་སྐྱོང་སྲོལ་ཡིག》ལ་གནས་དེ་གར་བསམ་འཆར་བསྡུ་ལེན་བྱེད་སྐབས་ཚང་མས་གང་བསམ་ལྷུག་པོར་གླེང་བ་རེད། རོང་བོ་གྲོང་རྡལ་རོང་བོ་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཧའེ་ཕིང་གིས“སྲོལ་ཡིག་ནང་དགུ་ཆུའི་ནང་དུ་འཚོ་བའི་གད་སྙིགས་མི་དབྱུགས་པའི་གཏན་འབེབས་ཁ་གསལ་བྱས་ནས་ཁོར་ཡུག་སྲུང་སྐྱོང་ལ་མི་རྣམས་ཀྱིས་མཐོང་ཆེན་བྱ་རྒྱུའི་རེ་བ་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
ན་ནིང་། 《རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲོལ་ཡིག》ཐད་བསམ་འཆར་བསྡུ་ལེན་བྱས་ཤིང་། ཁྲིམས་འཛུགས་ཆ་འཕྲིན་འཚོལ་བསྡུ་བ་དང་ཐང་གའི་ཀྲོའུ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་སེང་གེ་གཤོང་གྲོང་ཚོའི་གྲོང་མི་སངས་རྒྱས་ཚེ་རིང་བཅས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་ཁྲོམ་རའི་ཚད་ལྡན་སོགས་གཞི་རིམ་གྱི་དོ་ཁུར་ལ་དམིགས་ནས་མང་ཚོགས་དང་འབྲེལ་འདྲིས་དང་། དོན་འཁྱོལ་རུང་བ། རིན་ཐང་ལྡན་པ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་རེད།
“དམངས་སེམས་ཀྱི་རེ་སྒུག་ནི་ཁྲིམས་འཛུགས་ཀྱི་བློ་ཁ་གཏད་ཕྱོགས་ཡིན” ལིའུ་པོ་ལིན་གྱིས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱིས་གྲོས་འགོ་བསྡུ་ལེན་དང་། བཅའ་ཁྲིམས་གསལ་འགྲེལ། བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་བཅས་ཀྱི་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་མི་རིགས་ས་ཁུལ་གྱི་ཁྲིམས་འཛུགས་དེ་བས་དམངས་ཀྱི་གནས་ཚུལ་དང་འཚམ་པ་དང་། དམངས་ཀྱི་འདོད་བློ་དང་མཐུན་པ། བཅོས་སྐྱོང་གི་དགོས་མཁོ་དང་འཕྲོད་པ་བཅས་བྱས་ཏེ་དམངས་ཀྱི་འདོད་བློ་ཚང་མ་མཐོང་ཐུབ་པ་དང་། བརྩི་འཇོག་ཐོབ་པ། ཨ་ལན་སློག་ཐུབ་པ་བཅས་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།