ཀྲུང་གོ་དང་ཨེ་ཅིབ་ཀྱི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྐོར་གྱི་མཉམ་འབྲེལ་བཅར་འདྲི་ཨེ་ཅིབ་ཏུ་བྱས་པ།
སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས། སྤེལ་རེས་མཉམ་ལས་ལ་ཤུགས་བརྒྱབ།
ཟླ་8ཚེས་23ཉིན་ནས་ཚེས་27ཉིན་བར། ཀྲུང་གོ་དང་ཨེ་ཅིབ་ཀྱི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྐོར་གྱི་མཉམ་འབྲེལ་བཅར་འདྲི་ཨེ་ཅིབ་ཏུ་བྱས་པ་རེད། མི་དམངས་ཉིན་རེའི་ཚགས་པར་དང་། ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》 《གསར་འགྱུར་ཚགས་པར》 《སྤྱི་མཐུན་རྒྱལ་ཁབ་ཀྱི་ཚགས་པར》 དབུས་ཤར་ས་ཁུལ་གྱི་གསར་འགྱུར་ཁང་། ཉི་ལུའོ་ཧེ་གཙང་པོའི་བརྙན་འཕྲིན་ལས་ཁུངས། 《དགོང་དྲོའི་ཚགས་པར》 《དེང་གི་གསར་འགྱུར་ཚགས་པར》 རྒྱལ་ཁབ་ཀྱི་བྲག་ཅ་དྲ་བ། ཕྱི་འབྲེལ་གསར་འགྱུར་དྲ་བ། 《ལུའུ་ཚི་ཡིའུ་སུའུ་ཧྥུའུ》གཟའ་འཁོར་དུས་དེབ་སོགས་སྨྱན་སྦྱོར་ཚན་པ་མང་པོའི་གསར་འགོད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། རང་སྨྱན་སྦྱོར་གྱི་དཔོད་བདག་བཅས་ལས་གྲུབ་པའི་མི་30ཙམ་ཡོད་པའི་མཉམ་འབྲེལ་བཅར་འདྲི་ཚོགས་པས་ཁེ་རོ་དང་། ཨའེ་དབྱིན་སུའུ་ཧེ་ན། དབྱི་སི་མེ་ལི་ཡ་སོགས་སུ་བཅར་འདྲིར་བསྐྱོད་ཅིང་། ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དང་། ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས། ཅི་ལི་རླངས་འཁོར་གྱི་ཨེ་ཅིབ་བཟོ་གྲྭ ཧའེ་ཨེར་གྱི་ཨེ་ཅིབ་སྐྱེ་ཁམས་གླིང་། ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་སོགས་སུ་བསྐྱོད་དེ་ཀྲུང་ཨེའི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་གསོན་ཉམས་དོད་པའི་རྣམ་པ་གང་ས་ཅི་ཐད་ནས་མངོན་པར་བྱས་ཡོད།

ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོ་ཡིན་པའི་ཨེ་ཅིབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ལོ་བཅུ་ཕྲག་ཁ་ཤས་བརྒྱུད། ཚོང་དོན་དང་། མ་འཇོག བཟོ་སྐྲུན། ནུས་རྒྱུ། ཚན་རྩལ་སོགས་ཁྱབ་ཁོངས་མང་པོའི“ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར”རིམ་སྤོར་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གཙོ་གནད་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱ་བསྐྱེད་ནས། ཐོན་ལས་རང་ཡུལ་ཅན་དང་། ལག་རྩལ་ནང་བཤུག ཉམས་མྱོང་མཉམ་སྤྱོད་བཅས་ལ་དམིགས་པ་དང་། དཔལ་འབྱོར་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་ཡོད།
—— “དེང་གི་ཨེ་ཅིབ”ཀྱི་གཙོ་ཆེའི་དྲ་ཚུགས་སུ་གནས་ཚུལ་སྤེལ་བ།

ཨེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་སུ། ཨེ་ཀྲུང་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དུ་བཅར་འདྲིར་བསྐྱོད་དེ། རྒྱལ་ཁབ་གཉིས་པོའི་ལས་མིས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་མཉམ་འདྲེས་གཏིང་ཟབ་བྱེད་པའི་རྣམ་པ་དངོས་ཟིན་ཐོར་བཀོད་ཡོད། ཁ་ལི་མུའུ་ནི་མཉམ་ལས་ཁུལ་གྱི་ཁེ་ལས་ཤིག་གི་ཨེ་ཅིབ་ཕྱོགས་ཀྱི་ལས་མི་ཞིག་ཡིན་པ་དང་། དང་ཐོག་ཁོང་གིས་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ལས་རོགས་དང་མཉམ་དུ་ལས་ཀ་བྱེད་པར་དཀའ་ངལ་མང་པོ་འཕྲད་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། འོན་ཀྱང་ཀྲུང་གོའི་ལས་རོགས་ཀྱིས་ཁོང་གྲོགས་པོ་བློས་ཐུབ་ལ་བརྩིས་པས་དུས་ཐུང་ཟླ་ཤས་རིང་མཉམ་སྡེབ་དེའི་ནང་འཚོ་བ་སྐྱེལ་ཐུབ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ད་དུང་ཨེ་ཅིབ་ཀྱི་ལས་མི་དོ་དམ་ལས་གནས་སུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བས། དོ་དམ་མི་སྣ་རང་ཡུལ་ཅན་དུ་འགྱུར་ཚད་95%ལས་བརྒལ་ཡོད།
—— ཨེ་ཅིབ་ཀྱི《གསར་འགྱུར་ཚགས་པར》གྱི་དྲ་ཚུགས་སུ་གནས་ཚུལ་སྤེལ་བ།

ཨེ་ཅིབ་ཀྱི་རླངས་འཁོར་ཁྲོམ་ར་ཕྱོགས་སྒྱུར་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་རླངས་འཁོར་སྤུས་རྟགས་ཀྱི་སྐད་གྲགས་ཇེ་ཆེར་འགྲོ་བཞིན་ཡོད། ནང་འདྲེན་རླངས་འཁོར་ཡིན་ནའང་འདྲ། ཡང་ན་ས་གནས་དེ་གར་སྒྲིག་སྦྱོར་དང་བཟོ་སྐྲུན་བྱས་པའི་ལས་སྒོ་གང་ཞིག་ཡིན་རུང་། ཚང་མ་རྒྱུན་མཐུད་ངང་རྒྱ་ཆེར་འགྲོ་བཞིན་ཡོད། ལོ་70ཡི་འཕེལ་རྒྱས་བརྒྱུད། ཨེ་ཅིབ་དང་ཀྲུང་གོ་འདི་ཉིད་ཚོང་དོན་རོགས་ཟླ་ཙམ་མིན་པར་ཕྱོགས་གཉིས་པོས་མ་འཇོག་དང་། ཐོན་སྐྱེད། ལག་རྩལ་གཞན་སྒྱུར། ཐོན་ལས་ནུས་པ་འཛུགས་སྐྱོང་བཅས་རྨང་གཞིར་བྱས་པའི་མཉམ་ལས་བྱེད་སྟངས་ལ་འགྱུར་བཞིན་ཡོད།
—— ཨེ་ཅིབ་ཀྱི《ལུའུ་ཚི་ཡིའུ་སུའུ་ཧྥུའུ》དུས་དེབ་ཐོག་ཏུ་གནས་ཚུལ་སྤེལ་བ།

2024ལོའི་ཟླ་5པར། ཧའེ་ཨེར་ཨེ་ཅིབ་སྐྱེ་ཁམས་གླིང་གི་དུས་ཐེངས་དང་པོའི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ད་ལོའི་ཟླ་10པར་དུས་ཐེངས་གཉིས་པའི་ལས་གྲྭ་དངོས་སུ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་ཞིང་། རྣམ་གྲངས་དེར་ཨེ་ཅིབ་ཀྱི་ལས་མི་1000ལྷག་ཙམ་དང་ཀྲུང་གོའི་ལས་མི་30ལྷག་ཙམ་ཡོད་པ་རེད། རྣམ་གྲངས་ཀྱི་རྩིག་རྨང་མ་བཏིང་གོང་། ཧའེ་ཨེར་ལ་ཨེ་ཅིབ་སྲིད་གཞུང་གིས་སྤྲད་པའི་“གསེར་གྱི་ཆོག་འཐུས་ལག་ཁྱེར”ཐོབ་ནས་ཆོག་འཐུས་དེ་ཐོབ་པའི་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་ཁེ་ལས་དང་པོར་གྱུར་ཡོད།
—— ཨེ་ཅིབ་ཀྱི་དབུས་ཤར་ས་ཁུལ་གྱི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ།

སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་རྦ་རླབས་དང་དབྱི་སི་མེ་ལི་ཡའི་ཆུ་ངོགས་སུ་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་། རིག་གནས་སྤེལ་རེས། སྐད་ཡིག་གི་གོ་བརྡ་བཅས་ལས་བརྒལ་བའི་མཛའ་གྲོགས་ཟབ་ཏུ་འགྲོ་བཞིན་ཡོད་ཅིང་། སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དེ་ཨེ་ཅིབ་ཀྱི་ཤེས་རིག་གི་བསྟན་དོན་ཟབ་མོ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་སྦྲེལ་མཐུད་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། ཨེ་ཅིབ་ཀྱི་ས་གནས་ཁག་གི་སློབ་མ་ཁྲི་10ལྷག་ཙམ་གྱིས་རྒྱ་ཡིག་སྦྱངས་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ལ་དེ་བས་སྲ་ཞིང་བརྟན་པའི་འབྲེལ་ཟམ་བཙུགས་ཡོད།
—— ཨེ་ཅིབ་ཀྱི་ཕྱི་འབྲེལ་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ།

ཀྲུང་གོ་འཛུགས་སྐྲུན་ཨེ་ཅིབ་ཡན་ལག་ཀུང་སིས་སྐྲུན་འགན་ཁུར་བའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་ཡིན་པ།

ཀྲུང་ཨེའི་སྨྱན་སྦྱོར་གསར་འགོད་པ་ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དུ་བསྐྱོད་དེ་ཅུས་ཧྲི་ཨེ་ཅིབ་ཀྱི་ཐོན་སྐྱེད་འཁོར་ཁང་དུ་བཅར་འདྲི་བྱེད་བཞིན་པ།

ཀྲུང་ཨེའི་སྨྱན་སྦྱོར་གསར་འགོད་པས་ཨེ་ཅིབ་ཀྱི་ཀྲའེ་གཡོད་ཧྲེ་རི་གྲོང་དུ་གནས་པའི་ཧའེ་ཨེར་ཨེ་ཅིབ་སྐྱེ་ཁམས་གླིང་དུ་ཁེ་ལས་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དུ《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་གསར་འགོད་པ(གཡས)ཀྲུང་གོའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

ཨེ་ཅིབ་ཀྱི་གསར་འགོད་པས་ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་ནས་གསར་དར་ལྕགས་མདོང་ལུགས་རྒྱག(ཨེ་ཅིབ)མ་རྐང་ཚད་ཡོད་ཀུང་སིའི་ཐོན་རྫས་ཤེས་རྟོགས་བྱེད་བཞིན་པ།

ཀྲུང་ཨེའི་སྨྱན་སྦྱོར་གསར་འགོད་པས་ཨེ་ཅིབ་ཀྱི་ཅི་ལི་རླངས་འཁོར་བཟོ་གྲྭར་བཅར་འདྲི་བྱེད་བཞིན་པ།

ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱི་བཀོད་པ་ཡིན་པ།
འབྲེལ་ཡོད་གསར་འགྱུར།