དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་ལེགས་རྣམ་པ་བཟང་། སྟོན་བསྡུའི་ལས་ལ་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-27

    འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ལེན་ཁྲེང་ཁྲོམ་གཞུང་དུ་ཞིང་ཆུ་འདྲེན་ཁུལ་གྱི་གསེར་མདོག་གི་འབྲས་ཞིང་དང་། གྲོང་མིའི་སྡོད་ཁང་། ཆུ་རྒྱུད་སོགས་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་ནས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་བཞིན་ཡོད།

    འདི་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥན་ཁྲང་ཆུས་སུན་ཚུན་གྲོང་རྡལ་ཁྲེ་ཧྲ་སྡེ་ཁུལ་གྱི་ཞིང་པས་ཆུ་འབྲས་བརྔ་བསྡུ་བྱེད་བཞིན་པ།

    འདི་ནི་ཧོ་པེ་ཞིང་ཆེན་ཀུའུ་ཡོན་རྫོང་ཀའོ་ཧྲན་པའོ་ཤང་དུ་ཡུལ་མིས་གུང་ལ་ཕུག་འཐུ་བཞིན་པ།

    འདི་ནི་མཉམ་ལས་ཁང་གི་ལས་དོན་པ་ཝང་ཧྲུའུ་ཧྲེང(གཡོན)གིས་ཤ་སྨི་དབོར་བཞིན་པ།

    འབྲས་ལྡན་སྟོན་གྱི་དུས་སུ། ས་ཆ་མང་པོར་ལོ་ཏོག་བསྡུ་བའི་ནམ་དུས་ཤར་ནས་ཞིང་ནང་དང་མུ་ཁར་སོ་ནམ་ལས་བྲེལ་གྱི་རྣམ་པས་ཁེངས། རྒྱ་ཆེའི་ཞིང་པ་ཚོས་ཞིང་དུས་ལ་དམ་འཛིན་བྱས་ནས་བརྔ་བསྡུ་དང་། གསོག་འདྲེན། བྲིན་ཚོང་བཅས་ལ་བྲེལ་བཞིན་ཡོད།

    ཉེ་ཆར། པེ་ཏ་ཧོང་ཚོགས་པ་ཧེ་ལུང་ཅང་མཛའ་གྲོགས་ཞིང་ར་ཚད་ཡོད་ཀུང་སིའི་དོ་དམ་ཁུལ་ཉི་ཤུ་པའི་མ་རྨོས་ལོ་ཏོག་འདེབས་ཁུལ་དུ་བརྔ་བསྡུ་བྱེད་འགོ་ཚུགས། ཡངས་ཤིང་རྒྱ་ཆེ་བའི་ས་ནག་ཞིང་ཐང་དུ་མ་རྨོས་ལོ་ཏོག་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ཞིང་ནང་གི་རྣང་མ་རེ་རེ་བཞིན་ལ་དལ་བུར་བསྐྱོད་དེ་མ་རྨོས་ལོ་ཏོག་འཐུ་བ་དང་། འབྲུ་རྡོག་འདོན་པ། སོག་མ་ཞིབ་ཞིབ་བཟོས་ནས་ཞིང་ཁར་སྟོར་བ་སོགས་དུས་གཅིག་ཏུ་བྱེད་ཅིང་། མ་རྨོས་ལོ་ཏོག་གི་འབྲུ་རྡོག་བྱུར་བུ་འབྲུ་འདོན་འཕྲུལ་འཁོར་ནས་ཤར་རེར་བཏོན་ཏེ་འབྲུ་རིགས་དབོར་འདྲེན་གྱི་འཁོར་སྒྲོམ་ནང་འཇུག་བཞིན་ཡོད།

    ཞིང་ཁ་མུའུ་ཁྲི་82ལ་བཏབ་པའི་མ་རྨོས་ལོ་ཏོག་གཅིག་རྗེས་གཉིས་མཐུད་ངང་བསྡུ་བའི་དུས་སུ་སླེབས་མོད། འོན་ཀྱང་ས་གནས་དེ་གས་ལོ་ཏོག་སྨིན་ཚད་ལ་གཞིགས་ནས་བརྔ་བསྡུའི་མྱུར་ཚད་ལ་ཚོད་འཛིན་བྱེད་ཀྱི་ཡོད་ཅིང་། སྔོན་དཔག་བྱས་ན། ཟླ་10པའི་ཟླ་དཀྱིལ་བར་བརྔ་བསྡུ་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག མཐོ་སྒང་ཞིང་ནང་དུའང་བརྔ་བསྡུའི་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། ཧོ་པེ་ཞིང་ཆེན་ཀུའུ་ཡོན་རྫོང་ཀའོ་ཧྲན་པའོ་ཤང་གི་མུའུ་400ཡི་སྐྱེ་ལྡན་གུང་ལ་ཕུག་རྟེན་གཞིར་ཡུལ་མི་ཚོས་གུང་ལ་ཕུག་རེ་རེ་བཞིན་བཀོག་ནས་དབྱེ་གསེད་བྱེད་བཞིན་ཡོད།

    ལོ་ལེགས་ཀྱི་སྤྲོ་སྣང་དེ་ལེ་ལག་ཚང་བའི་སྒྲིག་བཀོད་དང་ཞབས་ཞུའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཏུང་ཐིང་མཚེའུ་ཡི་ཀླུང་ཐང་དུ་ཆུ་འབྲས་ཀྱི་སྙེ་མའི་རླབས་རྒྱུན་ལང་ལོང་དུ་འཕྱུར་ཞིང་། ཧུའུ་ནན་ཞིང་ཆེན་ནན་རྫོང་ཁྲང་ཆུན་ཞིང་ལས་རྟེན་གཞིར་འབྲུ་འདེབས་དུད་ཆེན་ཁྲང་ཅན་ཝུན་གྱིས་གསེར་མདོག་ཅན་གྱི་ཆུ་འབྲས་ཆུན་བུ་ཞིག་ཁྱེར་ནས“ཆུ་འབྲས་དང་ཤ་སྨི་གཉིས་ཀའི་ཐོན་འབབ་ཡག་པོ་འདུག ས་ཞིང་གཅིག་ལ་ལོ་ལེགས་ཉིས་བརྩེགས་བྱུང་། ད་ལོ་ནི་སླར་ཡང་ལོ་ལེགས་ཀྱི་ལོ་ཞིག་རེད”ཅེས་འཛུམ་དམུལ་དམུལ་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།