དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དམངས་ཀྱི་སྐར་ཆེན”འོད་སྣང་དུས་བཞིའི་གྲོང་གསེབ་ཀྱི་གར་སྟེགས་ཆེན་པོར་འཕྲོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལི་ཀྲི་ཡའོ།   |     སྤེལ་དུས།  2026-09-27

    “ལུགས་རྙིང་སྲོལ་ངན་དོར། ཤེས་དཔལ་སྲོལ་གསར་དར” ནང་སོག་རང་སྐྱོང་ལྗོངས་ཤིང་ཨན་མོང་ཀྲ་ལེ་ཐེ་ཆི་ཨར་པན་ཀེ་ལེ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ《སྲོལ་རྙིང་དོར། ལེའུ་གསར་རྩོམ》ཞེས་གསར་དུ་བརྩམས་པའི་གོམས་སྲོལ་སྒྱུར་བའི་སྐོར་གྱི་ཟློས་གར་ཐུང་གྲས་ཤིག་འཁྲབ་སྟོན་བྱེད་བཞིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་འཁྲབ་སྟོན་པས་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་ཡུལ་སྐད་བེད་སྤྱོད་དང་འཚོ་བ་དངོས་མཚོན་པའི་འཁྲབ་སྟོན་རྣམ་པའི་ཐོག་ནས། ཡ་རབས་སྲོལ་གསར་གྱི་འདུ་ཤེས་མཚོན་པ་བྱས་པར་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།

    ཀྲ་ལེ་ཐེ་ཆི་ཡི་གྲོང་ཚོ་ཆེ་ཆུང་སྣ་ཚོགས་ལ་ལྟ་སྐབས་དེ་གར་གར་སྟེགས་མེད་པ་གཏན་ནས་མིན་ཞིང་། དུས་ཚིགས་ཚང་མར་བརྗོད་དོན་གཙོ་བོ་ཡོད་པ་དང་། ཟླ་བ་མི་རེ་ངོ་རེར་བྱེད་སྒོ་ཡོད་པ། གཟའ་འཁོར་ཡོད་དོ་ཅོག་ལ་ལེ་ཚན་ཡོད་པ། ཐོབ་ཐང་དང་ན་ཚོད་ཆེ་ཆུང་གི་དབྱེ་བ་མེད་པར་འཁྲབ་རྩལ་ལ་བྱང་གོམས་ཡོད་ན་ཚང་མར་ངོམ་སྟོན་བྱེད་པའི་གོ་སྐབས་ཡོད་པ། ཞིང་ཐང་འབྲོག་ས་དང་ཞིང་ཁྱིམ་སྒོ་ར་ཚང་མ་ནི་འཁྲབ་སྟོན་བྱེད་ས་རེད། དེ་ནི་ཀྲ་ལེ་ཐེ་ཆི་ཡིས་ཞིང་འབྲོག་པའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དང་བསྟུན་ཏེ། གསར་དུ་བཏོད་པའི་དུས་བཞིའི“དམངས་ཡོངས་སྐར་ཆེན”ཞེས་པའི་ཁྱད་ལྡན་རིག་གནས་སྤུས་རྟགས་ཤིག་རེད།

    ཀྲ་ལེ་ཐེ་ཆི་ཡིས་དཔྱིད་རྨོད་དང་། དབྱར་དུས་ཡུལ་སྐོར། སྟོན་བསྡུ། དགུན་དུས་ཡུལ་སྐོར་བཅས་ཀྱི་དུས་རིམ་གྱི་ཁྱད་ཆོས་ལ་དམ་པོར་གཞིགས་པ་དང་དུས་བཞིའི་བྱེད་སྒོར“དམངས་སྐར”མི་འདྲ་བ་ཡོད་པ་སྟེ། དཔྱིད་ཀར“རྨོ་འདེབས་གསོ་སྐྱོང་སྐར་ཆེན”ཡོད་ཅིང་། ཆི་ཡོངས་ཀྱི་རྩྭ་ཐང་དཔེ་དེབ་ཁང་197ལ་བརྟེན་ནས་རིག་གནས་གཅིག་སྡུད་དང་ལྟ་ཀློག་ཁྱབ་སྤེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། དབྱར་ཁར“ཡུལ་སྐོར་དར་རྒྱས་སྐར་ཆེན”ཡོད་ཅིང་། མི་སྟོང་གིས་རོལ་ཆ་མཉམ་དཀྲོལ་དང་མི་ཁྲི་ཡིས་ཞབས་བྲོ་མཉམ་འཁྲབ་བྱས་ནས་ཐག་རིང་གི་སྐུ་མགྲོན་བསུ་བ། སྟོན་ཁར“རྩལ་འགྲན་སྐར་ཆེན”ཡོད་ཅིང་། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་མཚམས་ཚིགས་སུ་བྱས་ནས་ཡིག་གཟུགས་རི་མོ་འགྲེམས་སྟོན་དང་གྲོང་ཚོའི་གླུ་གར་འཁྲབ་སྟོན་སོགས་བྱེད་པ། དགུན་དུས་སུ་གངས་འཁྱགས་ཡུལ་སྐོར་དང་ཟུང་འབྲེལ་གྱིས“གངས་འཁྱགས་སྐར་ཆེན”ཞེས་པའི་བྱེད་སྒོ་སྤེལ་གྱི་ཡོད།

    གྲོང་གསེབ་རིག་གནས་ཀྱི་རང་ནུས་སྟོབས་ཆེ་ཡུན་རིང་འདོན་སྤེལ་བྱ་ཆེད། ས་གནས་དེས་ད་དུང་ཆེད་ལས་ཆ་སྒྲིག་རོགས་སྐྱོར་དང་གཞི་རིམ་རིག་གནས་གཡུལ་ས་རིམ་སྤོར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཁྱབ་གདལ་བཏང་བ་སྟེ། ཝུའུ་ལན་མུའུ་ཆི་རུ་ཁག་གི་ཆེད་ལས་རྐང་འཛིན་པ་28ཀྱིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་14དང་འབྲེལ་མཐུད་བྱས་ཏེ། “རྣང་ཁྲོད་སྒྱུ་རྩལ་ཚོགས་པ”སོགས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་རིག་རྩལ་དཔུང་ཁག་10གསོ་སྐྱོང་བྱས་པ་དང་། “དམངས་ཀྱི་སྐར་ཆེན”ཞེས་པའི་ཤེས་ལྡན་མི་སྣའི་མཛོད་བཙུགས་ནས་རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་རིག་གནས་མཁས་ཅན་2000ལྷག་ཙམ་སྔོག་འདོན་དང་གསོ་སྐྱོང་བྱས་པ། གྲོང་གསེབ་ཀྱི་གར་སྟེགས་ཆེན་པོ་དང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁང་། ཆི་རིམ་པའི་རིག་རྩལ་ས་ཚིགས་བཅས་སུ་ཆེད་ལས་འཁྲབ་སྟོན་གྱི་འཁྲབ་ཆས་དང་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བཅས་བྱས་ཏེ། ཤེས་ལྡན་མི་སྣ་སྔོག་འདོན་དང་། གསོ་སྐྱོང་། ངོམ་སྟོན། ཐོན་ལས་གཞན་སྒྱུར་བཅས་ཀྱི་འཁོར་འབྲེལ་ཆ་ཚང་ཞིག་བཏོད་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། དུས་བཞིའི་སོ་ནམ་དང་དམངས་སྲོལ་བྱེད་སྒོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་བཏོད་པའི་ཞིབ་འཇུག་སློབ་སྦྱོང་བྱེད་ལམ་4ཡིས་2025ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་16.5ལ་སྣེ་ལེན་ཞུས་པ་དང་། གར་སྟེགས་ཐོག་འགྲེམས་འཁྲབ་བྱེད་མཁན་མངོན་མིན་རིག་གནས་ཤུལ་བཞག་པས་སྣེ་ཁྲིད་དེ་གསོ་སྦྱོང་བྱས་པ་དང་འབྲོག་ཁུལ་གྱི་བུད་མེད་352ལ་ཐག་ཉེ་སར་ལས་ཞུགས་ཐུབ་པའི་སྐུལ་ཁྲིད་བྱས་པ། དེ་སྔ་ཞིང་ནང་དང་མུ་ཁར་ཐོན་པའི་རིག་རྩལ་གྱི་ཉམས་འགྱུར་དེ་ད་ཆ་དམངས་ཕྱུག་གྲོང་དར་གྱི་དངོས་ཡོད་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།