དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་སྟངས་དཔྱལ་གྱིས་བཤམས་པའི་ཕེབས་བསུའི་གསོལ་སྟོན་ལ་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-27

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་24ཉིན་གྱི་དགོང་མོར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡས་ཕོ་བྲང་དཀར་པོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཕེབས་བསུའི་གསོལ་སྟོན་བཤམས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་སྒྲོན་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་24ཉིན་གྱི་དགོང་མོར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡས་ཕོ་བྲང་དཀར་པོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཕེབས་བསུའི་གསོལ་སྟོན་བཤམས་པ་རེད།

    ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཕོ་བྲང་དཀར་པོར་ཕེབས་འབྱོར་ཟིན་སྐབས་ཐེ་རོན་ཕུའུ་དང་མའེ་ལཱ་ཉི་ཡས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་དང་འབྲེལ་གསོལ་སྟོན་ལ་ཞུགས་མཁན་སྐུ་མགྲོན་དང་མཇལ་འཕྲད་ཀྱང་གནང་བ་རེད།

    གསོལ་སྟོན་འགོ་ཚུགས་རྗེས། ཞི་ཅིན་ཕིང་དང་ཐེ་རོན་ཕུའུ་རྣམ་གཉིས་ཀྱིས་ཤིས་ཚིག་བསྒྲོན་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཨ་རིའི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ཟླ་མཆོད་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ལོའི་ཟླ་5པར་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ཡོད། དུས་ཐུང་ལོ་ཕྱེད་ཀྱང་མ་འགོར་བར་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འཚམས་འདྲིར་ཕེབས་རེས་གནང་བ་དེས་རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་གི་ལོ་རྒྱུས་བཏོད་ཡོད། ད་ཐེངས་ཀྱི་འཚམས་འདྲིར་སླར་ཡང་ཐུན་མོང་གི་ངོས་འཛིན་གསར་པ་མང་པོ་གྲུབ་ནས་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཏེ་ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་གསར་པ་མཁོ་འདོན་བྱས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་200ལྷག་ཙམ་གྱི་གོང་དུ་ཨ་རིར་རང་བཙན་ཐོབ་མ་ཐག་མིག་རྒྱང་ཀྲུང་གོར་ཕྱོགས་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་ཕན་ཚུན་མཁོ་ཟོག་བརྗེ་ཚོང་དང་ལེགས་ཆ་གསབ་རེས་བྱས་ནས་ཚོང་དོན་འགྲོ་འོང་བྱེད་འགོ་བཙུགས་ཡོད། ལོ་80ལྷག་ཙམ་གྱི་གོང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་ཏེ་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པར་འགོག་རྒོལ་བྱས་ཤིང་། ཁྲག་དྲོན་ལས་གྲུབ་པའི་མཛའ་གཅུགས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་རེད། ལོ་50ལྷག་ཙམ་གྱི་གོང་། ཕིང་ཕང་སྤོ་ལོའི་ཕྱི་འབྲེལ་གྱིས་ཡུན་རིང་བརྒྱབ་པའི་འགྲོ་འོང་གི་སྒོ་མོ་ཕྱེ་བ་དང་ཀྲུང་ཨའི་ཆབ་སྲིད་མཁས་ཅན་རྒན་རབས་ཚོས་སྤོ་ལོ་ཆུང་ཆུང་གིས་རྒྱལ་ཁབ་ཆེན་པོ་གཉིས་པོའི་ཕྱི་འབྲེལ་སླར་གསོ་བྱེད་པའི་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ཏེ་ཀྲུང་ཨའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བའི་འཕེལ་རིམ་རླབས་པོ་ཆེ་བཏོད་ཡོད། ལོ་20ལྷག་ཙམ་གྱི་གོང་། སའེ་ཁའོ་སི་ཟེར་བའི་ཨ་རི་བ་ཞིག་གིས་ཀྲུང་གོའི་བྱེ་བཅོས་པ་དབྱིན་ཡུས་ཀྲེན་ལ་ཤིང་འཛུགས་ཐད་རོགས་དངུལ་སྤྲད་པ་དང་། ཁོང་ཚོའི་གཏམ་རྒྱུད་ཀྱིས་ཀྲུང་གོའི་མང་ཚོགས་མང་པོར་སེམས་འགུལ་ཐེབས་པ་མ་ཟད། དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་གི་དཔེ་མཚོན་ཞིག་ཀྱང་རེད། ཀྲུང་ཨའི་མི་ཆོས་རིག་གནས་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་བསམ་བློ་བརྗེ་རེས་ལ་ཕན་ཐོགས་བྱུང་ཡོད་ལ། ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ལ་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ཆ། ཀྲུང་ཨའི་འབྲེལ་བ་སླར་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་དགོས་ཞེས་གསུངས་པ་དང་། ཀྲུང་གོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་གཞོལ་བཞིན་ཡོད། ཧ་ཅང་བརྗིད་ཉམས་ཆེ་བའི་དམིགས་ཚད་གཉིས་པོ་རྦད་དེ་ཕན་ཚུན་འགྲུབ་རོགས་བྱེད་ཆོག ཕྱོགས་གཉིས་པོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ་དང་། མི་དམངས་ཀྱི་རེ་སྒུག་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་རྒྱལ་ཁབ་ཆེན་པོ་མཉམ་གནས་ཡང་དག་ཡོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་རྒྱུན་ཆད་མེད་པར་བཞུར་བཞིན་ཡོད་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བྱ་གཞག་གི་མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་མཉམ་དུ་ཀྲུང་ཨའི་མཛའ་གྲོགས་ཀྱི་མཛེས་སྡུག་མེ་ཏོག་ཡག་པོ་བསྐྱངས་ནས་ཀྲུང་ཨའི་མཛའ་གྲོགས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།

    ཐེ་རོན་ཕུའུ་ཡིས་གསུངས་དོན། ད་ལོའི་ཟླ་5པར་ང་རང་ཀྲུང་གོར་འཚམས་འདྲིར་ཡོང་སྐབས། ཀྲུང་གོ་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་བརྩེས་ང་ལ་མཛེས་སྡུག་གི་བག་ཆགས་གཏིང་ཟབ་བཞག་བྱུང་། དོ་དགོང་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་མཉམ་དུ་འཛོམས་ནས་ཨ་ཀྲུང་དབར་གྱི་ལེ་དབར་ཁྲི་ཕྲག་བརྒལ་བ་དང་ལོ་ངོ་བརྒྱ་ཕྲག་རིང་རྒྱུན་བསྐྱངས་པའི་མཛའ་གཅུགས་ལ་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་ཡིན། ཨ་ཀྲུང་རྒྱལ་ཁབ་གཉིས་པོར་རིག་གནས་ཀྱི་ལོ་རྒྱུས་རིང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་དུས་ཡུན་རིང་པོར་མཛའ་མཐུན་འགྲོ་འོང་བྱེད་བཞིན་ཡོད། ཕན་ཚུན་གྱི་ལམ་ལུགས་མི་འདྲ་མོད། འོན་ཀྱང་ཨ་ཀྲུང་དབར་གྱི་མཛའ་གཅུཌ་ཡུན་རིང་ལ་བརྟན་པོ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་གཉིས་པོའི་མཛའ་གཅུགས་མུ་མཐུད་སྐྱེད་སྲིང་བྱས་ཏེ་བུ་རབས་ཚ་རྒྱུད་ལ་ཡུན་རིང་དར་རྒྱས་དང་བདེ་འཇགས་ཡོང་བ་བྱེད་འདོད་ཡོད།

    གསོལ་སྟོན་གྱི་རྣམ་པ་མཛའ་མཐུན་ལྡན་ལ་འཁྲུག་ཆ་དོད་ཅིང་། གསོལ་སྟོན་རིང་ཨ་རིའི་སྒྱུ་རྩལ་མཁས་ཅན་ཚོས་ལྟད་མོ་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།

    ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་གསོལ་སྟོན་ལ་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།