ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་སྟངས་དཔྱལ་དང་ཇ་མོལ་གནང་བ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡ་རྣམ་གཉིས་དང་ལྷན་དུ་ཕོ་བྲང་དཀར་པོར་ཇ་མོལ་གནང་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡ་རྣམ་གཉིས་དང་ལྷན་དུ་ཕོ་བྲང་དཀར་པོར་ཇ་མོལ་གནང་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཐེ་རོན་ཕུའུ་དང་མའེ་ལཱ་ཉི་ཡའི་ཕེབས་རོགས་འོག་ཨ་རིའི་རྒྱལ་ཁབ་ཡིག་ཚགས་ཁང་དུ་གཟིགས་སྐོར་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡ་རྣམ་གཉིས་དང་ལྷན་དུ་ཕོ་བྲང་དཀར་པོར་ཇ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བའི་ངེས་གནས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས། “བརྩི་འཇོག་དང་། དྲང་གཞག འདྲ་མཉམ་བཅས་རྨང་གཞིར་བྱས་པའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”ཐུན་མོང་ཐོག་འཛུགས་རྒྱུར་མོས་མཐུན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ནི་ང་རང་ལོ་11གི་རྗེས་སུ་སླར་ཡང་ཝ་ཧྲེང་ཐོན་དུ་ཡོང་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་ཞུས་པ་ཞིག་ཡིན། ད་ཐེངས་ཀྱི་འཚམས་འདྲི་ལས་ང་ཚོས་སླར་ཡང་ཀྲུང་ཨའི་འབྲེལ་བའི་ངེས་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། “བརྩི་འཇོག་དང་། དྲང་གཞག འདྲ་མཉམ་བཅས་རྨང་གཞིར་བྱས་པའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”ཐུན་མོང་ཐོག་འཛུགས་རྒྱུར་མོས་མཐུན་བྱས་ཤིང་། དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ལའང་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་ཐོབ་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ངེས་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨའི་འབྲེལ་བའི་མདུན་ལམ་ནི་འོད་སྟོང་འབར་བ་ཞིག་ཡིན་ལ། དེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། དེ་དང་དུས་མཚུངས་སུ་འོད་ཟེར་གྱི་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་ནི་ཀྱག་ཀྱོག་ཡིན་ཞིང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་འཕྲད་སྲིད། དེ་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡང་མཐུན་ཡོད། ངས་ཙུང་ཐུང་ཐེ་རོན་ཕུའུ་དང་མཉམ་དུ་ལོ་རྒྱུས་ལ་འགན་འཁུར་བའི་བློ་སྟོབས་དང་འགན་སེམས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལེའུ་ཞིག་རྩོམ་འདོད་ཡོད།
ཐེ་རོན་ཕུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་ནི་དགེ་མཚན་གྱིས་ཕྱུག་པ་དང་གྲུབ་འབྲས་ཆེན་པོ་ཐོབ་པའི་འཚམས་འདྲི་ཞིག་རེད། ཕྱོགས་གཉིས་པོས་ཨ་ཀྲུང་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་ཟབ་མོ་བྱས་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་ཐོབ་པ་དེ་རྒྱལ་ཁབ་གཉིས་ཀར་ཕན་ཐོགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་དམ་ཟབ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཨ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྣེ་ཁྲིད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཇ་མོལ་གནང་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཐེ་རོན་ཕུའུ་དང་མའེ་ལཱ་ཉི་ཡའི་ཕེབས་རོགས་འོག་ཨ་རིའི་རྒྱལ་ཁབ་ཡིག་ཚགས་ཁང་དུ་ཕེབས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ལྷན་དུ་ཡིག་ཚགས་ཁང་གི་ཚོམས་ཆེན་དབུས་མར་ཕེབས་ནས་ཡིག་ཚགས་ཁང་དང་བཤམས་སྟོན་དངོས་རྫས་གཙོ་བོ་ངོ་སྤྲོད་ཞུས་པར་གསན་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཡིག་ཚགས་ནང་མེས་པོ་ཚོའི་ཤེས་རབ་ཡོད་ལ་འབྱུང་འགྱུར་ལ་བློ་སྐྱེད་ཀྱང་ཐོབ་སྲིད། ལོ་250ཡི་རིང་། ཨ་རིའི་མི་དམངས་ཀྱིས་ཨ་རིའི་ཕུགས་འདུན་དོན་གཉེར་བྱས་ནས་གླིང་ཆེན་ཨ་མེ་རི་ཁ་བྱང་མའི་སྐམ་ས་ཆེན་པོར་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་དང་ལྟ་ན་སྡུག་པའི་ཁྱིམ་གཞིས་བསྐྲུན་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་གི་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་ལམ་གསར་པར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་བླངས་ཡོད། ཀྲུང་གོ་དང་ཨ་རི་ནི་རང་རང་སོ་སོར་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ཞིང་། སྤྱིར་ན་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་འགྲོ་ལམ་བཅས་མི་འདྲ་ནའང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་འདུན་ནི་གཅིག་མཚུངས་ཡིན། ཕན་ཚུན་གྱི་མི་འདྲ་སར་ཁས་ལེན་དང་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བསམ་ཤེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཐུན་ཆ་ཆེ་ཤོས་འཚོལ་བ། མཉམ་ལས་ཀྱི་གསལ་ཐོ་མང་དུ་གཏོང་བ། མི་མཐུན་པའི་ཆ་དོ་དམ་དང་ཚོད་འཛིན་འོས་འཚམ་བཅས་བྱས་ཚེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ།
འབྲེལ་ཡོད་གསར་འགྱུར།