གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་ཡོད།
ཧ་སང·ཏ་ཅ།

གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནི་མིའི་རིགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་ཐུན་མོང་གི་བྱ་གཞག་ཅིག་ཡིན་པ་དང་། གཞུང་དྲང་ལུགས་མཐུན་དེ་བས་ཆེ་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་ཐུན་མོང་གི་འདུན་པ་ཞིག་རེད། 2025ལོའི་ཟླ་9ཚེས་1ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཚོགས་འདུར་བདག་དབང་འདྲ་མཉམ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་རྒྱུ་དར་སྤེལ། བྱ་སྤྱོད་ཀྱི་སྟོན་ཕྱོགས་ལ་སྣང་ཆེན་བཅས་ལྟེ་བར་བྱེད་པའི་འདུ་ཤེས་ལག་ལེན་བསྟར་དགོས་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་གཟབ་ནན་ངང་བཏོན་གནང་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་འགོ་གལ་ཆེན་གཞན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་བཏོན་ཡོད།
མིག་སྔར་འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པར་སླེབས་པས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་གི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། ལོ་80ལྷག་ཙམ་གོང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཏེ་རྒྱལ་ཁབ་ཁག་གིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་པར་ཕྱོགས་མང་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་པ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་གི་ཚད་གཞི་གཏན་འཁེལ་བྱས་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལག་ལེན་གསར་རྐྱང་ཞིག་བསྟར་འགོ་ཚུགས་ཡོད། འོན་ཀྱང་དུས་སྐབས་ཤིག་ནས་བཟུང་། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་བཅས་ཐོན་པ་དང་། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག ཡིད་རྟོན་གྱི་མཚལ་ཡིག་བཅས་མུ་མཐུད་རྒྱ་སྐྱེད་ཕྱིན་ཡོད། དེས་ན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་མདུན་དུ་མ་བསྐྱོད་ན་ཕྱིར་བཤོལ་ཐེབས་པའི་འགག་རྩའི་དུས་སུ་སླེབས་ཡོད་པས། འཛམ་གླིང་ལ་ཕྱོགས་མང་རིང་ལུགས་བསྐྱར་གསོ་དང་། སྒྲིག་སྲོལ་ཁྲིམས་སྐྱོང་བརྟན་སྲུང་། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་པ་དེ་སྔོན་གྱི་དུས་སྐབས་གང་ཞིག་ལས་ཀྱང་དགོས་མཁོ་ཆེ་བ་ཡོད།
ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་ལས་འཛམ་གླིང་རྒྱལ་ཁབ་ཁག་གི་ལས་དབང་གཅིག་ཏུ་འབྲེལ་བ་དང་བདེ་སྡུག་མཉམ་མྱོང་གི་ཕྱི་རོལ་ཡུལ་གྱི་དོན་དངོས་གསལ་སྟོན་བྱས་ཡོད། རྙོག་འཛིང་ཆེ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་མདུན་དུ། རྒྱལ་ཁབ་གང་ཞིག་ཡིན་རུང་ཐབས་མཁས་རང་སྲུང་བྱེད་མི་ཐུབ་ལ་རང་ཉིད་ཀྱི་སྟོབས་ཤུགས་ཁོ་ནར་བརྟེན་ནས་དཀའ་གནད་ཚང་མ་སེལ་ཐབས་བྲལ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་སེལ་བ། མཉམ་ལས་ལ་བརྟེན་ནས་གཉིས་ཁེ་ཡོང་ཐབས་བཅས་བྱས་ཏེ་ཐུན་མོང་གི་ཁེ་ཕན་གཅིག་ཏུ་སྒྲིལ་ས་ཞིག་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ། གཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཐུབ།
རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུ་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་རེད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་དུ་དར་རྒྱས་བྱུང་བ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ་ཞི་བདེ་དོན་གཉེར་དང་། འཕེལ་རྒྱས་དོན་གཉེར། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། འོན་ཀྱང་དུས་ཡུན་རིང་པོའི་ནང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་འགན་ལེན་གང་ལེགས་ཐུབ་མེད་པ་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རིམ་རྗེས་ལུས་ཡིན་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་དྲང་གཞག་རང་བཞིན་དང་དངོས་ཕན་རང་བཞིན་ལ་ཚོད་འཛིན་ཕོག་གི་ཡོད། དེར་བརྟེན། རྒྱལ་སྤྱིའི་ལས་དོན་སྒྲུབ་མཁན་གྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རེ་ཞུ་དེ་བས་མང་ཙམ་ཉན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ནུས་པ་གང་ལེགས་བཏོན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དབང་ཆ་དང་། སྐད་ཆ་ཤོད་དབང་། ཇུས་ཐག་གཅོད་དབང་བཅས་ལ་དེ་བས་བརྩི་འཇོག་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རིམ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་དེ་བས་གསོན་ཤུགས་རྒྱས་པ་དང་། དེ་བས་ཕན་ནུས་ཆེ་རུ་འགྲོ་བ། དེ་བས་རེ་བས་ཕྱུག་པ་བཅས་ཡོང་རྒྱུ་རེད།
གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྐོར་གྱི་ཀྲུང་གོའི་བསམ་གཞིག་དེ་ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་ཟབ་མོར་གཞི་ཚུགས་ཡོད། དེ་ཡང་ཀྲུང་གོའི་རིག་གནས་ཀྱིས་མཐུན་ཡང་གཅིག་མཚུངས་མེད་པ་དང་རྒྱལ་མང་མཐུན་འགྲིག་དར་སྤེལ་གཏོང་བ་དང་། ཤེས་སྦྱོར་གཅིག་མཐུན་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དོན་དུ་གཉེར་གྱི་ཡོད། གནའ་བོའི་ཤེས་དཔལ་དང་བློ་གྲོས་དེ་དག་དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་བྱེད་པའི་ལག་ལེན་ནང་སྤྱད་པས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་སེལ་བར་བློ་སྒོ་གཏིང་ཟབ་ཕྱེ་ཡོད། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་མཉམ་ལས་བྱེད་དགོས། ཁྱད་པར་དེ་གདོང་ཐུག་གི་ཁ་གཡར་སར་མི་འགྱུར་བར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཐུན་མོང་ཐོག་ཡར་ཐོན་ཡོང་བར་བྱེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས།
(རྩོམ་པ་པོ་ནི་ཅོར་ཏན་གྱི་ཧོའུ་སའེ་དབྱིན·པེན·ཐ་ལ་ལེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།