དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཕོ་བྲང་དཀར་པོར་གཉེར་བའི་ཕེབས་བསུའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-26

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་24ཉིན་གྱི་སྔ་དྲོར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཕོ་བྲང་དཀར་པོར་མཛད་སྒོ་གཟབ་རྒྱས་ཤིག་གཉེར་ནས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཟླ་9པའི་ཝ་ཧྲེང་ཐོན་དུ་སྟོན་ཉམས་རབ་ཏུ་རྒྱས་ཤིང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཕེབས་ཊོར་བཞུགས་ཏེ་ཕོ་བྲང་དཀར་པོར་ཕེབས་འབྱོར་ཟིན་པའི་སྐབས་སུ། ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡས་ཕེབས་ཊོ་བབས་སར་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    ཞི་ཅིན་ཕིང་སྟངས་དཔྱལ་ཐེ་རོན་ཕུའུ་སྟངས་དཔྱལ་གྱི་ཕེབས་རོགས་འོག་ཕོ་བྲང་དཀར་པོར་ཕེབས་ཤིང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྔ་རྗེས་སུ་སྐུ་མགྲོན་གྱི་ཕྱག་དེབ་ཐོག་མཚན་རྟགས་བཀོད་གནང་བ་རེད།

    རྔམ་བརྗིད་ལྡན་པའི་དམག་མིའི་རོལ་དབྱངས་ཁྲོད་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཚོམས་ཆེན་དབུས་མར་ཕེབས་ཤིང་། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད།

    རྒྱལ་གླུ་དཀྲོལ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་ཐེ་རོན་ཕུའུ་རྣམ་གཉིས་ཀྱིས་ཤིས་ཚིག་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་ཚབ་ཞུས་ནས་ཨ་རིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ཨ་རིར་རང་བཙན་བྱུང་ནས་ལོ་ངོ་250འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ཐེངས་ངས་ཙུང་ཐུང་ཐེ་རོན་ཕུའུ་ཡི་གདན་ཞུས་ལྟར་ཨ་རིར་འཚམས་འདྲིར་ཡོང་དོན་ནི་མཛའ་གྲོགས་རྒྱུན་འཛིན་དང་། མཉམ་ལས་རྒྱ་སྐྱེད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། དེང་སྐབས་འཛམ་གླིང་དང་། དུས་རབས། ལོ་རྒྱུས་བཅས་ལ་འགྱུར་ལྡོག་འགྲོ་བའི་མདུན་དུ་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་པོས་མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་འཁུར་བཞིན་ཡོད། ད་ལོ་ཙུང་ཐུང་ཐེ་རོན་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་རིང་ང་ཚོས་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་འབྲེལ་བ་འཛུགས་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་པར་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད། ངས་ཙུང་ཐུང་ཐེ་རོན་ཕུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྣེ་ཁྲིད་བྱེད་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨ་ཡིས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་ཡང་། ཟོལ་མེད་དང་། གཏིང་ཟབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་གླེང་མོལ་བྱས་ན་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་འགྲོ་ཐུབ་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་ཐུབ་པ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་འགྲོ་ཐུབ། ཀྲུང་ཨ་ཡིས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་མཉམ་ལས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་ཁེ་ཕན་གཏིང་ཟབ་འདྲེས་ཡོད་ལ་མཉམ་ལས་ཀྱི་བར་མཐོངས་ཀྱང་ཧ་ཅང་རྒྱ་ཆེན་པོ་ཡོད། ཀྲུང་ཨའི་མཉམ་ལས་ཀྱིས་འཛམ་གླིང་ཐོག་གི་གནད་དོན་ཐམས་ཅད་ཐག་གཅོད་མི་ཐུབ་ཀྱང་རྒྱལ་ཁབ་གཉིས་པོའི་མཉམ་ལས་མེད་ན་འཛམ་གླིང་ཐོག་གི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་དཀའ། མི་ཐབས་རིག་ནུས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་ཨ་གཉིས་པོར་མི་ཐབས་རིག་ནུས་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དང་ལྟ་འདོམས་ཡག་པོ་བྱ་རྒྱུའི་ནུས་པ་ཡོད་ལ་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དང་ལྟ་འདོམས་ཡག་པོ་བྱ་རྒྱུའི་འགན་འཁྲིའང་ཡོད། དེས་ན་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བ་དེ་ཐོག་མཐའ་བར་གསུམ་དུ་མིས་ཚོད་འཛིན་ཐུབ་པ་དང་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། ཀྲུང་ཨ་གཉིས་པོ་ཞི་བདེ་མཉམ་གནས་ཡོང་བར་བྱེད་དགོས། ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་འཆམ་པོ་བྱུང་ན་གཉིས་ཀར་ཕན་རྒྱུ་དང་འཐབ་རྩོད་བྱས་ན་གཉིས་ཀར་གནོད་རྒྱུ་རེད། ཕྱོགས་གཉིས་པོས་ངེས་པར་དུ་གདོང་གཏུག་མི་ཡོང་བ་དང་འགྲན་རྒོལ་མི་བྱེད་པའི་མཐའ་ཚད་བརྟན་པོར་སྲུང་དགོས། “ཤའུ་ཤིས་ཏི་ཏའི་དོང་རྙི”ལས་ཐར་ཐབས་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨ་ཡིས་དེ་སྔོན་དཔུང་པ་མཉམ་གཤིབ་ཀྱིས་ཧྥ་ཤི་སིའི་བཙན་འཛུལ་ལ་འགོག་རྒོལ་བྱས་ཡོད། ལོ་རྒྱུས་ཀྱི་དུམ་བུ་དེ་ཀྲུང་གོའི་མི་དམངས་ཀྱིས་བརྗེད་མི་སྲིད་ལ་ཨ་རིའི་མི་དམངས་ཀྱིས་ཀྱང་བརྗེད་མེད། ཀྲུང་ཨའི་འབྲེལ་བའི་རེ་བ་དེ་མི་དམངས་དང་འབྱུང་འགྱུར་གྱི་གཞོན་ནུར་ཡོད། མ་འོངས་པའི་ལོ་ལྔའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་10ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་རྒྱུ་ཡིན། དོམ་ཁྲ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཕོ་ཉ་རེད། དོམ་ཁྲ“ཕིང་ཕིང”དང“ཧྥུའུ་ཧྲོང”གཉིས་ཡ་ཐེ་ལན་ཏ་སྲོག་ཆགས་གླིང་དུ་གཞིས་ཆགས་རྒྱུ་ཡིན་པས་ཨ་རིའི་མི་དམངས་ཀྱིས་མྱུར་དུ་མཐོང་ཐུབ།

    ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་རྒྱུ་ནི་འགལ་མེད་མཉམ་གནས་རེད། ཕྱོགས་གཉིས་པོས་མི་དམངས་ཀྱི་བརྩེ་སེམས་འཆང་བ་དང་ལོ་རྒྱུས་ཀྱི་རང་འགུལ་མངོན་པར་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཐེ་རོན་ཕུའུ་ཡིས་ཞི་ཅིན་ཕིང་ཨ་རིར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། ཁོང་གིས། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རླབས་ཆེན་གྱི་མཛའ་གྲོགས་འབྲེལ་བ་བཙུགས་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། དུས་རབས་ཁ་ཤས་ཀྱི་སྔོན་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱ་མཚོ་ཆེན་པོ་བརྒལ་ནས་ཉོ་ཚོང་དང་ཕན་ཚུན་སློབ་སྦྱོང་བྱེད་མྱོང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨ་རིར་འཚམས་འདྲི་གནང་བར་ཕེབས་པ་དེ་ཨ་རི་རང་བཙན་བྱུང་ནས་ལོ་250འཁོར་བ་དང་ཏག་ཏག་འཁེལ་ཡོད། ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་བྱས་ཏེ་འཛམ་གླིང་ལ་ལེགས་སྐྱེས་འབུལ་གྱི་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཚོང་དོན་དང་། བདེ་འཇགས། མི་ཐབས་རིག་ནུས། ཚན་རྩལ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་གཏིང་ཟབ་བྱས་ཏེ་འཛམ་གླིང་གི་འབྱུང་འགྱུར་ལོ་བཅུ་གྲངས་རིང་གི་ཞི་བདེ་དང་དར་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན། ཨ་ཀྲུང་རྒྱལ་ཁབ་གཉིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ནས་མཉམ་དུ་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་བླངས་ཤིང་། སྟག་མཆོང་རུ་ཁག་སོགས་ཀྱི་གཏམ་རྒྱུད་དུས་ད་ལྟའང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་བློ་ལ་བརྟན་པོར་ངེས་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ཆེད་དུ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཤིས་ཚིག་གསུངས་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཐེ་རོན་ཕུའུ་སྟངས་དཔྱལ་གྱི་ཕེབས་རོགས་འོག་མཚོ་དམག་སྐམ་འཐབ་རུ་ཁག་གི་འཁྲབ་སྟོན་ལ་གཟིགས་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ཕར་ཕྱོགས་ཀྱི་ཕེབས་རོགས་མི་སྣ་སོ་སོར་ཕྱག་བཏང་གནང་ནས་གུས་ལུགས་མཚོན་པར་གནང་བ་རེད། དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཕོ་བྲང་དཀར་པོའི་རྒྱ་སེ་མེ་ཏོག་ལྡུམ་རར་ཕེབས་ཏེ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། དམག་མིའི་རོལ་ཆ་རུ་ཁག་གིས་འགོ་ཚུགས་དུང་བརྡ་བཏང་བ་དང་། ཨ་རིའི་དམག་རིགས་ཁག་གི་གཟབ་སྦྲེང་རུ་ཁག་གིས་སྲོལ་རྒྱུན་རུ་སྟར་དང་རོལ་ཆ་དཀྲོལ་གཏོང་གི་འཁྲབ་སྟོན་བྱས་པ། དམག་འཐབ་གནམ་གྲུ་ཕོ་བྲང་དཀར་པོའི་མཁའ་དབྱིངས་ནས་འཕུར་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ལ་གུས་ལུགས་མཚོན་པར་བྱས་པ་རེད།

    དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་དོན་ཁང་དུ་ཕེབས་ནས་མཛའ་བརྩེའི་སྤེལ་རེས་གནང་བ་རེད།

    ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།