དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཝ་ཧྲེང་ཐོན་དུ་ཕེབས་འབྱོར་ཟིན་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-26

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཝ་ཧྲེང་ཐོན་དུ་ཕེབས་འབྱོར་ཟིན་ཞིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡི་གདན་ཞུས་ལྟར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཝ་ཧྲེང་ཐོན་ཨན་ཏེ་ལུའུ་སི་མཁའ་དམག་རྟེན་གཞིར་ཕེབས་འབྱོར་ཟིན་སྐབས་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡ་ཡིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཤིང་། ཐེ་རོན་ཕུའུ་ཡིས་གསུངས་དོན། ཝ་ཧྲེང་ཐོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཁྱེན་ལྡན་མ་ཕེང་ལི་ཡོན་ལ་སྣེ་ལེན་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདི་ནི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཚམས་འདྲི་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འགོ་ཁྲིད་པ་ཞིག་ཡིན་པས་འདི་ནི་རླབས་ཆེན་གྱི་དུས་སྐབས་ཤིག་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ལ་ཨ་རིའི་བྱིས་པས་མེ་ཏོག་སོས་པ་ཕུལ་ཞིང་། གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ས་གནས་ས་ཐོག་ཏུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་དང་། དམག་འཐབ་གནམ་གྲུ་འཕུར་ནས་གུས་ལུཌ་མཚོན་པར་བྱས་པ་རེད།

    ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས། ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨ་རི་ནི་རླབས་ཆེན་གྱི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་རེད།

    ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཡུན་རིང་མཛའ་གྲོགས་འགྲོ་འོང་བྱེད་པ་དང་། ཕྱོགས་གཉིས་པོའི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད་པས། རྒྱལ་ཁབ་གཉིས་པོ་རོགས་ཟླར་འགྱུར་དགོས་པ་ལས་ཁ་གཏད་དུ་ལངས་མི་རུང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་བར། འགལ་མེད་མཉམ་གནས་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་ནས་འཛམ་གླིང་ལ་བདེ་སྐྱིད་སྐྲུན་དགོས། ཙུང་ཐུང་ཐེ་རོན་ཕུའུ་ཡིས་ད་ལོའི་ཟླ་5པར་ཀྲུང་གོར་འཚམས་འདྲི་གནང་སྐབས་ང་ཚོས་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་བཙུགས་ནས། འབྱུང་འགྱུར་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཆེད་འཐབ་ཇུས་ཀྱི་མཛུབ་སྟོན་བྱ་རྒྱུའི་མོས་མཐུན་བྱས་པ་ཡིན། ཀྲུང་ཨ་ཕྱོགས་གཉིས་པོས་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ་མཉམ་ལས་གཙོ་བོར་འཛིན་པ་དང་། འགྲན་རྩོད་རན་པོ། མི་མཐུན་པའི་ཆ་ཚོད་འཛིན་ཐུབ་པ། ཞི་བདེར་རེ་སྒུག་བྱེད་པ་བཅས་ཀྱི་བརྟན་ལྷིང་འབྲེལ་བ་ཆགས་པར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་མཉམ་གནས་ཀྱི་ལམ་བུ་ཡང་དག་པ་ཞིག་གཏོད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་ཡོད་ལ་དུས་རབས་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད་མོད། འོན་ཀྱང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཞི་བདེ་མཉམ་གནས་ཀྱི་ལོ་རྒྱུས་གཏན་ཚིགས་ལ་འགྱུར་བ་བྱུང་མེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་གི་འདུན་པ་བཟང་པོར་འགྱུར་བ་བྱུང་མེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་ལ་འཛིན་པའི་ཡོངས་ཁྱབ་ཀྱི་རེ་སྒུག་ལའང་འགྱུར་བ་བྱུང་མེད། ངས་ཙུང་ཐུང་ཐེ་རོན་ཕུའུ་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་འཛམ་གླིང་གི་དུས་བབ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་སྐོར་ལ་སྤེལ་རེས་གཏིང་ཟབ་བྱས་ཏེ། ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་ཀྲུང་ཨའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ངས་ཀྱང་ཨ་རིའི་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་རྒྱ་ཁྱབ་བྱས་ཏེ་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ད་ཐེངས་ཀྱི་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་འཛམ་གླིང་ཞི་བདེ་ཡོང་བར་རེ་བ་སྦྱིན་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ནང་ལྷན་དུ་ཕེབས་འབྱོར་ཟིན་པ་རེད།

    སྔོན་ལ་ཕེབས་འབྱོར་ཟིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་དང་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཧྥུང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།

    ཞི་ཅིན་ཕིང་ཕེབས་ཊོར་བཞུགས་ཏེ་གནམ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་གི་ཕེབས་ལམ་དུ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱི་སྦྱོང་སློབ་མའི་འཐུས་མི་ཚོས་གཞུང་ལམ་གྱི་གཡས་གཡོན་དུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།