དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-26

    འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཙུང་ཐུང་ཐེ་རོན་ཕུའུ་དང་སྐུ་ཟླ་མའེ་ལཱ་ཉི་ཡ་རྣམ་གཉིས་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

    འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་སྒྲོན་བཞིན་པ།

    འདི་ནི་དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་དོན་ཁང་དུ་ཕེབས་ནས་མཛའ་བརྩེ་དང་མཛའ་མཐུན་ངང་སྤེལ་རེས་གནང་བཞིན་པ།

    འདི་ནི་དམག་འཐབ་གནམ་གྲུ་ཕོ་བྲང་དཀར་པོའི་མཁའ་དབྱིངས་སུ་འཕུར་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ལ་གུས་ལུགས་མཚོན་པར་བྱེད་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་བྲང་དཀར་པོར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་ཕྱེད་ཀྱང་མ་སོང་བར་འཚམས་འདྲིར་ཕེབས་རེས་གནང་བ་དེ་ནི་ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་རེད། ང་དང་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཐོག་མཐའ་བར་གསུམ་དུ་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་ཐོག་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདིར་ཕྱོགས་སྟོན་སྣེ་ཁྲིད་བྱེད་བཞིན་ཡོད། ད་ལོའི་ཟླ་5པར། ང་དང་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་རྒྱུ་མགྲིན་གཅིག་ཏུ་ཐག་བཅད་པ་ཡིན། ངེས་གནས་གསར་པ་འདི་ཐོག་ནས་ཀྲུང་ཨའི་འབྲེལ་བའི་དོན་དངོས་མཚོན་ཡོད་ལ་འབྱུང་འགྱུར་གྱི་རེ་བ་ཡང་མཚོན་ཡོད་པས། དེ་ནི་རྒྱལ་ཁབ་གཉིས་པོ་མཉམ་གནས་ཀྱི་ལམ་བུ་ཡང་དག་ཐོག་སྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་རེད། ང་ཚོས་འདུན་པ་འདི་བྱ་སྤྱོད་དུ་བསྒྱུར་ནས་མཉམ་ལས་གཙོ་བོར་འཛིན་པ་དང་། འགྲན་རྩོད་རན་པོ། མི་མཐུན་པའི་ཆ་ཚོད་འཛིན་ཐུབ་པ། ཞི་བདེར་རེ་སྒུག་བྱེད་པ་བཅས་ཀྱི་དམིགས་ཚད་ཀྱི་ཕྱོགས་སུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་ཆེན་པོ་གཉིས་པོ་མཉམ་གནས་ཀྱི་ལམ་བུ་ཡང་དག་ཅིག་གཏོད་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་ཁྲོད་གཉིས་ཁེ་གཉིས་ཕན་དང་། དགེ་མཚན་ལྡན་པའི་འགྲན་རྩོད་ཁྲོད་ཕན་ཚུན་གྲུབ་འབྲས་གཏོད་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་ཁྲོད་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པ། ཕན་ཚུན་ཡིད་ཆེས་བྱེད་པའི་ཁྲོད་ཞི་བདེ་གཏོད་པ་བཅས་བྱས་ནས། ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་རེས་སྐོར་གསར་པའི་གྲོས་མོལ་བྱས་ནས་མཉམ་དུ་བཀོད་སྒྲིག་གསར་པ་ཞིག་བྱས་པ་དེ་ནི་རྒྱལ་ཁབ་གཉིས་པོའི་ཐོན་ལས་ལས་རིགས་དང་མི་སེར་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅས་ཚང་མའི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད།

    མཉམ་ལས་ནི་ཉིས་བགྲོད་ལམ་བུ་ཞིག་ཡིན་པས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་ཡོང་བར་མཉམ་ལས་ཀྱི་གསལ་ཐོ་མང་དུ་གཏོང་བ་དང་། གནད་དོན་གྱི་གསལ་ཐོ་ཉུང་དུ་གཏོང་དགོས་ཀྱི་ཡོད། འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཚེ་ད་གཟོད་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་རྙེད་ཐུབ། ཕྱོགས་གཉིས་པོས་ཁ་ཕྱོགས་གཅིག་ཏུ་སྐྱོད་པ་དང་གཉིས་ཁེ་གཉིས་ཕན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་བརྟན་པོ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨ་ནི་མི་ཐབས་རིག་ནུས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས་ཕྱོགས་གཉིས་པོར་འགྲན་རྩོད་ཡོད་ལ་མཉམ་ལས་དེ་བས་ཀྱང་བྱེད་ཆོག རང་རང་སོ་སོའི་ལེགས་ཆ་འདོན་པ་ལས་ཕན་ཚུན་འགོག་སྲུང་བྱེད་མི་རུང་། ཕྱོགས་གཉིས་པོས་མི་ཐབས་རིག་ནུས་ཐད་སྐད་ཆ་ཤོད་རེས་མུ་མཐུད་བྱས་ནས་དེའི་ཉེན་ཁ་དང་ཕན་འབྲས་སྐོར་སྤེལ་རེས་བྱས་ཏེ་མི་ཐབས་རིག་ནུས་གང་བྱུང་དུ་སྤྱོད་པ་དང་ངན་སྤྱོད་བྱ་རྒྱུར་ཐུན་མོང་ཐོག་འགོག་ཟོན་བྱེད་དགོས། མིའི་རིགས་ཀྱིས་མི་ཐབས་རིག་ནུས་ལག་རྩལ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མི་རྩ་བར་འཛིན་པ་དང་དགེ་བརྩོན་ཡར་ཐོན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མི་ཐབས་རིག་ནུས་ཀྱིས་མིའི་རིགས་ཀྱི་ཡར་ཐོན་ལ་ཞབས་འདེགས་ཞུ་རུ་འཇུག་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཧ་ཅང་གསལ་པོ་ཡིན། ཨ་རི་ཕྱོགས་ཀྱིས“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ཡང་དག་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་གཟབ་ནན་བྱས་ཏེ། ཀྲུང་ཨའི་འཐབ་ཇུས་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད།

    ཐེ་རོན་ཕུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ནི་རླབས་ཆེན་གྱི་འཚམས་འདྲི་ཞིག་རེད། ཨ་ཀྲུང་གཉིས་པོ་རྒྱལ་ཁབ་ཆེན་པོ་ཡིན་ཞིང་། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གྲོགས་པོ་ཡག་པོ་ཡིན་པས་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོའི་འགོ་ཁྲིད་འོག ཨ་ཀྲུང་འབྲེལ་བ་ཡག་པོ་ཡོང་ངེས་རེད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་རེས་སྐོར་གསར་པའི་གྲོས་མོལ་བྱས་པར་གྲུབ་འབྲས་གསར་པ་ཐོབ་པ་དང་། ཕྱོགས་གཉིས་པོས་མུ་མཐུད་གྲོས་མོལ་བྱས་ཏེ་གྲོས་མཐུན་དེ་བས་ལེགས་པ་འཇོག་དགོས། མི་ཐབས་རིག་ནུས་ནི་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་དེའི་ཐད་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་དབུས་ཤར་ས་ཁུལ་གྱི་དུས་བབ་དང་། ཡུག་རེན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཡག་པོ་གཉེར་བར་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་གནང་བ་རེད།

    ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།