ཕྱི་འབྲེལ་པུས་བརྗོད་དོན།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད།
ཚེས་21ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་སྐབས་23པ་བདེ་བླག་ངང་མཇུག་འགྲིལ་བ་རེད། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0དོན་འཁྱོལ་ཡག་པོ་བྱས་ཏེ། ལག་གདང་སྦྲེལ་ནས་སྔར་ལས་དམ་ཞིང་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཁ་ས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་སྐབས་23པ་གྲུབ་འབྲས་ཐོབ་པའི་ངང་མཇུག་འགྲིལ་བ་དང་གྲུབ་འབྲས་གསར་པ་མི་ཉུང་བ་ཐོབ་ཡོད། གཟའ་འཁོར་གོང་མར། ཕིང་ལུའུ་མིས་བཟོས་གཙང་པོར་གྲུ་གཟིངས་དངོས་སུ་ཤར་གཏོང་ཐུབ་པར་རྒྱལ་ཁབ་ཕྱི་ནང་གི་གླེང་ཕྱོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཅིང་། དཔྱད་གཏམ་འགའ་ཞིག་ནང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ཀྱི“ལས་སྟེགས་ཡག་ཤོས”དང་ཕིང་ལུའུ་མིས་བཟོས་གཙང་པོའི“བགྲོད་ལམ་ཡག་ཤོས”ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་རྒྱུ་རེད་ཅེས་བརྗོད་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
ཀུའོ་ཅ་ཁུན་གྱིས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ནི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི“གསེར་མདོག་མིང་བྱང”ཞིག་རེད། ལོ་23རིང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི“རིན་ཆེན་གསེར་གྱི་ལོ་བཅུ”ནས“རྡོ་རྗེ་ཕ་ལམ་གྱི་ལོ་བཅུ”བར་དང་དེ་ནས་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0བར་རིམ་སྤོར་མཆོང་སྐྱོད་བྱུང་བའི་དཔང་པོ་བྱས་ཡོད། སྐབས་འདིའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ཀྱིས“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དགོས་མཁོའི་འགྲེམས་ཁུལ”ཐོག་མར་བཀོད་སྒྲིག་བྱས་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དགོས་མཁོའི་གསལ་ཐོ་ཐོག་མར་ཁྱབ་བསྒྲགས་བྱས་ཏེ“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གནད་དོན་འདོན་པ་དང་ཀྲུང་གོས་ཐག་གཅོད་བྱེད་པའི”བྱེད་སྟངས་གསར་པ་སྤྱད་ནས་མཁོ་སྤྲོད་དང་དགོས་མཁོ་གནད་སྨིན་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
ཀུའོ་ཅ་ཁུན་གྱིས། “སྐབས་འདིའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འགྲེམས་ཚོགས་ཀྱིས་ད་དུང་ཕིང་ལུའུ་མིས་བཟོས་གཙང་པོའི་འགྲེམས་ཁུལ་ཆེད་མངཌ་བཀོད་སྒྲིག་བྱས་ཡོད། མིས་བཟོས་གཙང་པོར་གྲུ་གཟིངས་ཤར་གཏོང་ཐུབ་རྗེས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་མཚོ་ཐོག་སྐྱེལ་འདྲེན་གྱི་བར་ཐག་ཇེ་ཐུང་དུ་འགྲོ་རྒྱུ་དང་ཕྱོགས་གཉིས་པོའི་ཚོང་དོན་འགྲོ་འོང་གི་བགྲོད་ལམ་གསར་པ་གཏོད་རྒྱུ་རེད”ཅེས་དང“ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0དོན་འཁྱོལ་ཡག་པོ་བྱས་ཏེ། ལག་གདང་སྦྲེལ་ནས་སྔར་ལས་དམ་ཞིང་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུཌ་འདོད་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།