“བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ”
—— ཀྲུང་ཨའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་རེ་སྒུག་ཆེན་པོ་བྱེད་པ།
ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་9ཚེས་23ནས་25ཉིན་བར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུས་ཀྲུང་ཨའི་འབྲེལ་བ་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་རེད།
ཀྲུང་ཨའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་གི་གལ་འགངས་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བ་ཡིན་པས་རྒྱལ་ཁབ་གཉིས་པོ་དང་འབྲེལ་བ་ཡོད་ལ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་ཨའི་མི་སྣས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་ཕྱེད་ནང་ཕན་ཚུན་འཚམས་འདྲི་གནང་བར་ལོ་རྒྱུས་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། གཙོ་བདག་ཕྱི་འབྲེལ་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོའི་མཉམ་གནས་ཀྱི་ལམ་བུ་ཡང་དག་གཏོད་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་དང་ཆབས་ཅིག་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།
རྒྱལ་ཁབ་གཉིས་པོར་མཉམ་ལས་ཀྱི་བར་མཐོངས་དེ་བས་ཆེ་བ་གཏོད་རྒྱུ་ཡིན་པ།
ད་ལོའི་ཟླ་5པར། ཀྲུང་ཨའི་གཙོ་བདག་གིས་པེ་ཅིང་དུ་ལོ་རྒྱུས་རང་བཞིན་གྱི་ཞལ་འཛོམས་གནང་ནས་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་རྒྱུའི་མོས་མཐུན་གནང་བ་དང་རྒྱལ་ཁབ་གཉིས་པོས་མཉམ་ལས་གཙོ་བོར་བྱེད་པ་དང་། འགྲན་རྩོད་ལ་ཚད་གཞི་ཡོད་པ། མི་མཐུན་པའི་ཆ་ཚོད་འཛིན་ཐུབ་པ། ཞི་བདེ་ཡོང་བ་བཅས་ཀྱི་ཕྱོགས་སུ་འབད་བརྩོན་བྱས་ཏེ་དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོའི་མཉམ་གནས་ཀྱི་ལམ་བུ་ཡང་དག་ཐུན་མོང་ཐོག་འཚོལ་ཞིབ་ཐུབ་རེ་བྱེད་ཀྱི་ཡོད། ཨ་རིར་གནང་ཉེར་ཡོད་པའི་ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་ཀྱིས་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་གཉིས་པོར་མཉམ་ལས་ཀྱི་བར་མཐོངས་དེ་བས་ཆེ་བ་གཏོད་རྒྱུ་རེད།
ཨ་རི་དང་ཨེ་ཤེ་ཡའི་མཐུན་ཚོགས་དང་ལས་འཛིན་ལྷན་ཚོགས་ཀྱི་ཐུན་མོང་ཀྲུའུ་ཞི་སང་ཏུན་གྱིས། གཙོ་བདག་ཕྱི་འབྲེལ་འཐབ་ཇུས་ཀྱི་སྣེ་ཁྲིད་བྱས་པ་དེས་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ད་ལོའི་ཟླ་5པར་ཕྱོགས་གཉིས་པོའི་དབར་ཨ་ཀྲུང་གི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་སྒྲོམ་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མུ་མཐུད་འགྲོ་འོང་རྒྱུན་འཁྱོངས་གནང་སྟེ་ཕྱོགས་གཉིས་པོའི་འབྲེལ་གཏུག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཆེད་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད་ཅེས་བརྗོད།
“སྤེལ་རེས་ནི་ཕན་ཚུན་བསམ་ཤེས་དང་། མཛའ་གྲོགས། ཞི་བདེ་བཅས་ཀྱི་འབྲེལ་ཟམ་ཞིག་ཡིན་པ་ངར་ཡིད་ཆེས་བརྟན་པོ་ཡོད”ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་མཱ་སི་ཁ་ཐིང་ཀྲུང་གོའི་མཛའ་གྲོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏན·སི་ཐའེ་ཨེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཨ་ཀྲུང་འབྲེལ་བ་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་དེས་ཕྱོགས་གཉིས་པོའི་ངོས་འཛིན་ཟབ་ཏུ་འགྲོ་བ་དང་ཁེ་ཕན་གྱི་ཐུན་མོང་གི་ཆ་འཚོལ་བར་ཕན་ཐོགས་ཡོད་ཅེས་བརྗོད།
ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཏེའོ་ཏ་མིང་གིས། “གཙོ་བདག་ཕྱི་འབྲེལ་ནི་ཀྲུང་ཨའི་འབྲེལ་བའི་ཚད་འཛིན་ས་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་སླར་ཡང་ཞལ་འཛོམས་གནང་རྒྱུ་དེས་ཀྲུང་ཨའི་འབྲེལ་བའི་བརྟན་ལྷིང་གི་དུས་བབ་རྒྱུན་མཐུད་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་གསར་པར་རྒྱུན་མཐུད་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད”ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བར་འཐབ་ཇུས་ཀྱི་ངོས་འཛིན་ཁ་གསལ་བྱས་པ་མངོན་པ་དང་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་བར་ཕན་ཐོགས་ཡོད་ཅེས་བརྗོད།
ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྔོན་དཔག་བརྟན་པོ་མཁོ་འདོན་བྱ་རྒྱུ་ཡིན་པ།
འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་མདུན་གྲལ་གཉིས་ཡིན་པའི་ཀྲུང་ཨའི་དཔལ་འབྱོར་བསྡོམས་འབོར་གོ་ལ་ཧྲིལ་པོའི་1/3ལས་བརྒལ་བ་དང་དངོས་ཟོག་ཉོ་ཚོང་དངུལ་འབོར་གྱིས་འཛམ་གླིང་གི་1/5ཙམ་བཟུང་ཡོད་པས། ཀྲུང་ཨའི་མཉམ་འགུལ་གྱིས་རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། ཀྲུང་ཨའི་མི་སྣ་མང་པོ་ཞིག་གིས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཞལ་འཛོམས་ཀྱིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྔོན་དཔག་བརྟན་པོ་མཁོ་འདོན་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་སྣོན་རྒྱུ་རེད་ཅེས་བརྗོད་ཀྱི་ཡོད།
ཨ་རི་དང་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཀྲུང་གོའི་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་དང་ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཚོགས་གཙོ་ཨའེ་ལུན་གྱིས། ཨ་ཀྲུང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ནི་ཚད་མེད་པ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོར་ཁྲོམ་རའང་རྒྱ་ཆེན་པོ་ཡོད་པས། ཐོན་ལས་ཁྱབ་ཁོངས་ཁག་ཏུ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་ཤུགས་རྐྱེན་ནུས་པ་གལ་ཆེན་ལྡན་ཡོད། “རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་ཁེ་ཕན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད”ཅེས་བརྗོད།
“ཨ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་མདུན་གྲལ་གཉིས་ཡིན་པ་དང་སོ་སོར་ལག་རྩལ་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་པས། ཕྱོགས་གཉིས་པོར་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད”ཨ་རིའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ལའོ་ལུན་སི·ཧྥུའུ་ལི་མན་གྱིས། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་ལས་ཁྲོད་སྐྱོན་སྤངས་དགེ་སྒྲུབ་བྱས་ན་རྒྱལ་ཁབ་གཉིས་པོར་ཕན་པ་ཐོབ་རྒྱུ་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བརྗོད།
ཆིང་ཧྭ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཆི་ཧའེ་ཞ་ཡིས། གཙོ་བདག་ཕྱི་འབྲེལ་གྱི་སྣེ་ཁྲིད་འོག་ཀྲུང་ཨ་ཕྱོགས་གཉིས་པོའི་དབར་མཉམ་ལས་ལམ་སྲོལ་ཐད་ཐུན་མོང་གི་ངོས་འཛིན་འགའ་ཞིག་གྲུབ་པ་དེ་ཐོག་ནས་ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་གྲོས་མོལ་ཐད“ཉམས་ཉེན་རྣམ་པས་ཁ་གཏད་གཅོག་པ”ནས“ལམ་སྲོལ་ཅན་གྱི་དོ་དམ”ལ་བསྒྱུར་ཏེ་མཉམ་ལས་བརྟན་ཁྲོད་ལེགས་འཕེལ་ཡོང་བར་སྐུལ་འདེད་བཏང་བ་མཚོན་ཡོད། གནང་ཉེར་ཡོད་པའི་གཙོ་བདག་གི་ཞལ་འཛོམས་ཀྱིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བརྡ་རྟགས་དེ་བས་བརྟན་པོ་ཞིག་བརྒྱུད་སྤྲོད་བྱས་ནས། ཕྱོགས་ཁག་གིས་ཀྲུང་ཨའི་མཉམ་ལས་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད།
གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་འགག་རྩའི་སྐུལ་འདེད་ནུས་པ་སྐྱེས་སུ་འབུལ་རྒྱུ་ཡིན་པ།
མིག་སྔར་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྫོགས་མཐའ་མེད་ཅིང་། ཀྲུང་ཨ་ལག་གདང་སྦྲེལ་ནས་མཉམ་ལས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་དང་ཡང་འབྲེལ་བ་ཡོད།
ཨ་རི་དང་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཨེ་ཤེ་ཡའི་མཐུན་ཚོགས་ཀྲུང་གོའི་ལྟེ་གནས་ཀྱི་མཉམ་འབྲེལ་སྲོལ་གཏོད་པ་དང་ཀྲུའུ་རེན་གཅིག་ལྕོགས་ཆན་ཅིང་གིས། ཨ་ཀྲུང་ལ་འཛམ་གླིང་སྔོན་ཐོན་གྱི་ཚན་ཞིབ་སྒྲིག་གཞི་དང་། སྨན་བཅོས་ཐོན་ཁུངས། སྐྱེ་དངོས་གསོ་རིག་ཐོན་ལས་བཅས་ཡོད། གལ་ཏེ་ཕྱོགས་གཉིས་པོས་མིའི་རིགས་ཀྱི་ཐུན་མོང་འགྲན་སློང་ཡིན་པའི་འབྲས་སྐྲན་ལ་དམིགས་ནས་མུ་མཐུད་མཉམ་ལས་གཏིང་ཟབ་བྱས་ཚེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་རྒྱུ་རེད་ཅེས་བརྗོད།
“ཨ་ཀྲུང་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་འབྲེལ་བ་བརྟན་པོ་རྒྱུན་འཁྱོངས་ཐུབ་ཚེ་རྒྱལ་ཁབ་གཞན་དག་གིས་རང་ངོས་འཕེལ་རྒྱས་ལ་འཆར་འགོད་དེ་བས་ལེགས་པ་བྱེད་ཐུབ། དེ་ཡང་ཨ་ཀྲུང་འབྲེལ་བས་རྒྱལ་སྤྱིའི་ཚོང་དོན་དང་། དངུལ་རྩ། མི་ཐབས་རིག་ནུས་བཅོས་སྐྱོང་སོགས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པས་རེད” ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་པོ་ཐེ·ལའོ་ལུན་སི·ཁུའུ་ཨེན་གྱིས། ཨ་ཀྲུང་འབྲེལ་བས་འཛམ་གླིང་ལ་སྔོན་དཔག་ཐུབ་པའི་རང་བཞིན་སྦྱིན་ཏེ་ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་དེ་བས་ཁ་ཚ་དགོས་གཏུགས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་སྐུལ་འདེད་གཏོང་ཐུབ། རྒྱལ་ཁབ་གཉིས་པོས་ཨ་ཀྲུང་དབར་གྱི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་བཙུགས་པ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོས་མཉམ་ལས་གཉིས་ཕན་གྱིས་བསྡོམས་སྟོངས་འཐབ་འགྲན་གྱི་ཚབ་བྱེད་ཆོག་པ་གསལ་བཤད་ཐུབ་པ་དང་དེས་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་འཕེལ་རྒྱས་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།