མཚོ་སྔོན་གྱིས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བ།
ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་གྱིས་གཙོ་མགྲོན་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་ཀོང་ཏུང་ཞིང་ཆེན་དང་མཉམ་དུ་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པའི་གཙོ་མགྲོན་ཞིང་ཆེན་གྱི་འགན་འཁུར་བ་རེད། ད་ཐེངས་ཀྱི་གྲོས་མོལ་ཚོགས་འདུའི་ཐོག མཚོ་སྔོན་གྱིས་གྲོས་མོལ་ཚོགས་འདུའི་རྒྱལ་ཁབ་རིམ་པའི་ཕྱོགས་གཉིས་མ་འཇོག་མཉམ་ལས་ཀྱི་རྩེར་སོན་ལས་སྟེགས་ལ་བརྟེན་ནས་ས་མཐོའི་དེང་རབས་ཅན་དང་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་ཆུ་ཚད་མཐོ་བའི་སྒོ་དབྱེའི་མཉམ་ལས་ཀྱི་བརྡ་རྟགས་བཏང་བ་རེད།
ད་ལོའི་ལོ་སྟོད་དུ། རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་97མཚོ་སྔོན་ནས་འཛམ་གླིང་ས་ཕྱོགས་གང་སར་བཏང་ཞིང་། “གཞན་བརྟེན་ཕྱོགས་ཐོན”ནས“རང་བརྟེན་རྒྱང་འགྲུལ”བར་མཚོ་སྔོན་གྱིས་ཕྱི་ཕྱོགས་དང་འབྲེལ་མཐུད་ཀྱི་བགྲོད་ལམ་གསར་པ་རྒྱུན་མཐུད་གཏོད་བཞིན་ཡོད།
ད་ལོའི་ཟླ་8པར། ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོ་དོ་དམ་དང་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་བྱེད་སྐབས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་མཚོ་སྔོན་གྱིས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་བྱེད་གཞི་ཆེ་བ་དང་མདུན་ལམ་ཆེན་པོ་ཡོད་པའི་འགག་རྩའི་དུས་སྐབས་ཤིག་རེད་ཅེས་ཞིབ་འཇུག་དང་བརྡར་ཤ་བཅད་པ་རེད།
གོང་གི་སྐད་ཆ་དུམ་བུ་འདི་ནི་མཚོ་སྔོན་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་ཕྱོགས་ལ་བརྡར་ཤ་བཅད་པ་ཞིག་རེད་ལ། སྐམ་སའི་དབུས་ཁུལ་ཞིང་ཆེན་ཞིག་གིས་རང་འགུལ་ངང་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་བྱས་ཏེ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ཆོད་སེམས་ཤིག་དེ་བས་ཀྱང་རེད།
སྐམ་སའི་དབུས་ཁུལ་དུ་ཆགས་ཤིང་མཚོ་འགྲམ་དང་ས་མཚམས་ཅི་དང་འབྲེལ་མེད་པ་ནི་མཚོ་སྔོན་གྱི་ས་ཁམས་མཚོན་རྟགས་ཤིག་ཡིན་རུང་། མཚོ་སྔོན་གྱི་སྒོ་མོ་འབྱེད་པའི་བཀག་རྒྱ་ཞིག་གཏན་ནས་མིན།
མཚོ་སྔོན་ནི་དེ་སྔ་གནའ་བོའི་དར་གོས་ལམ་བུའི་འགག་མདོ་གལ་ཆེན་ཞིག་ཡིན་ལ། ད་ཆ“རྒྱུད་གཅིག་ལམ་གཅིག”གི་མེད་དུ་མི་རུང་བའི་འགག་རྩའི་ས་མཚམས་ཤིག་ཀྱང་ཡིན་པས། སྒོ་དབྱེའི་གཞི་རྒྱུ་སྔ་ས་ནས་འཇགས་ཡོད། སྐྱེ་ཁམས་ས་ཆ་གལ་ཆེན་དང་། ཐོན་ཁུངས་འབེལ་བ། མི་རིགས་མང་བ་བཅས་ཀྱི་ཁྱིམ་གཞིས་ཡིན་པའི་མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་ཞིང་ཆེན་གྱི་རྨང་གཞིར་བརྟེན་ནས་ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་གདེང་ཚོད་དེ་བས་ཆེ་བ་དང་མཐོང་རྒྱ་དེ་བས་ཡངས་པ་ཡོད།
དེ་ནི། ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པའི་ཤིས་ཚིག་ནང“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་མ་འཇོག་མཉམ་ལས་ཀྱི་ལས་སྟེགས་གྲོས་མོལ་ཚོགས་འདུ་འདི་དང་བསྟུན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་འབྲེལ་མཐུད་དེ་བས་ལེགས་པ་དང་ཐོན་ལས་རིམ་སྤོར་ལ་མཐུན་རྐྱེན་སྦྱར་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བརྗོད་པ་ལྟར་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱལ་ནང་དང་རྒྱལ་སྤྱི་རྒྱུན་འཁོར་གཉིས་ལ་རང་འགུལ་ངང་མཉམ་འདྲེས་བྱས་ཏེ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་ནས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་བར་དང་། རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ནས་རྒྱལ་སྒྲོལ་དྲ་ཚོང་བགྲོད་ལམ་བར། མཚོ་སྔོན་གྱིས་ཕྱི་ཕྱོགས་མཉམ་ལས་ཀྱི་གོམ་པ་ཇི་ཙམ་སྤོས་པ་དེ་ཙམ་གྱིས་ཆེ་བ་དང་དེ་ཙམ་གྱིས་རྒྱང་རིང་དུ་བཏང་བས་ཕྱོགས་གཉིས་པོའི་མ་འཇོག་ཚ་རླབས་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་ཚོང་དོན་རོགས་ཟླའང་མང་དུ་སོང་ནས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རྒྱུན་མཐུད་མགྱོགས་ལམ་དུ་བསྐྱོད་ཡོད།
བགྲོད་ལམ་འཛུགས་སྐྲུན་ལས་མཚོ་སྔོན་གྱི་ས་བབ་བཀོད་པ་བསྐྱར་གསོ་བྱུང་བཞིན་ཡོད་ཅིང་། ད་ལོའི་ཟླ་8པར། ལོ་སིའི་ཝན་ཐེན་དུ་ཐད་ཀར་འབྱོར་བའི་ཟི་ལིང་གི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་ནས་མཚོ་སྔོན་གྱི་གཅིན་རྒྱུ་རང་གཉེར་བྱེད་པ་ལས་ཕྱིར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་97ཤར་གཏོང་བྱས་པ་ལས་ཨེ་ཤེ་ཡ་དབུས་མ་དང་། ཡོ་རོབ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཅས་སྦྲེལ་ཏེ་ཐབས་མང་མཉམ་སྐྱེལ་ལམ་དྲ་ཞིག་ཆཌ་པ་དང་སྒོ་དབྱེའི་བྱེད་ནུས་ཀྱང་ཆེ་རུ་ཕྱིན་ཡོད།
ཐོན་ལས་ཀྱི་ལེགས་ཆ་ཕྱིར་གཏོང་ལེགས་ཆར་སྒྱུར་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་དང་ཕྱི་ཕྱོགས་ཚོང་དོན་ཟུང་འབྲེལ་དང་གྲངས་གཞི་ཕྱིར་གཏོང་སོགས་ཀྱི་ལས་རྣམ་གསར་པ་བཀོད་སྒྲིག་མྱུར་པོ་བྱས་པས། རྒྱལ་སྒྲོལ་དྲ་ཚོང་མགྱོགས་ལམ་དུ་སླེབས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཕྱིར་གཏོང་ནང་འདྲེན་གྲངས་འབོར་སྒོར་དུང་ཕྱུར་14ཟིན་ནས་ལོ་རེར་ཆ་སྙོམས་34.1%འཕར་བ་སོགས། ཚགས་ཤ་སྐམ་པོ་དང་བོད་བཟོའི་དངུལ་རྒྱན་སོགས་ས་མཐོའི་ཡུལ་ཟོག་དེ་དག་གྲངས་འཛིན་དྲ་རྒྱ་བརྒྱུད་གོ་ལ་ཧྲིལ་པོའི་འཛད་སྤྱོད་པའི་ལག་ཏུ་ཐད་ཀར་འབྱོར་གྱི་ཡོད།
མཚོ་སྔོན་གྱི་ཁེ་ལས་དེ་བས་མང་བ་གདེང་ཚོད་ཆེན་པོས་འཛམ་གླིང་ཕྱོགས་སུ་བསྐྱོད་པ་དང་། “མཚོ་སྔོན་མིང་ཅན”གྱི་ཐོན་རྫས་དེ་བས་མང་བར་རྒྱལ་སྤྱིའི་ཁྲོམ་རའི་ཐོག་ཁས་ལེན་ཐོབ་དུས། མཚོ་སྔོན་གྱིས་བྱེད་གཞི་ཆེན་པོ་ལྡན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འགག་རྩའི་དུས་སྐབས་འདི་གཞི་ནས་དངོས་འབྲེལ་དམ་འཛིན་ཐུབ་པ་རེད།
འབྲེལ་ཡོད་གསར་འགྱུར།