དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱ་ཆེའི་ཞིང་པའི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས།

    ​—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”འཆར་བའི་སྐབས་སུ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་ལས་མི་སེམས་ལ་སྐུལ་ལྕག་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-25

    “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དགུ་པ་འཆར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཁོང་གིས“གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བཅས་བྱས་ནས་རྒྱ་ཆེའི་ཞིང་པའི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྗོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་ལས་མི་སེམས་ལ་སྐུལ་ལྕག་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། དམིགས་ཚད་གཏན་འཁེལ་དང་ངར་ཤུགས་གཅིག་སྒྲིལ་གྱིས“ཞིང་གསུམ”འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན།

    ད་ལོ་རང་རྒྱལ་གྱི་དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར་3000ལས་ཐོག་མར་བརྒལ་བ་དང་སྔ་སྨིན་འབྲས་ཀྱི་ཐོན་འབབ་ལོ་6བསྟུད་མར་རྒྱ་མ་དུང་ཕྱུར་560ཡན་ཟིན་ཞིང་། མིག་སྔར་སྟོན་འབྲུར་ལོ་ལེགས་ཡོང་རེ་ཡོད་པ་རེད།

    ཞིང་ལས་གྲོང་གསེབ་པུའུ་འདེབས་འཛུགས་ལས་རིགས་དོ་དམ་སིའི་སི་ཀྲང་གཞོན་པ་ལུའེ་ཤིའུ་ཐའོ་ཡིས།“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ལས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ལོ་ནི‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས་པའི་ལོ་ཞིག་ཡིན་པས། ལོ་ཧྲིལ་པོའི་འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཐོབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས‘སྟོན་ཟླ་གསུམ’གྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ་སྟོན་འབྲུར་ལོ་ལེགས་ཡོང་བའི་འགན་ལེན་བྱས་པ་མ་ཟད། དགུན་གྲོ་དང་དགུན་ཁའི་པད་ཁ་འདང་ངེས་དང་ལེགས་པར་འདེབས་ཐུབ་པའི་འགན་ལེན་ཡང་བྱས་ནས་སང་ལོའི་འབྲུ་སྣུམ་ལ་ལོ་ལེགས་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བཞིན་ཡོད”ཅེས་བརྗོད་པ་རེད།

    འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་སྣ་མང་མ་འཇོག་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་ཞིང་གསུམ་སྤྱི་ཕྱོགས་ལས་སྒོ་པུའི་སྤྱི་ཁྱབ་ཅིང་ལི་ཞིང་ཧྥེང་ཆིན་གྱིས་བརྗོད་དོན། ཞིང་ལས་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ལ་ཞབས་འདེགས་ཞུ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཚན་རྩལ་ཞིང་ལས་དང་། ལྗང་མདོག་ཞིང་ལས། སྤུས་ལེགས་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་སྤྱི་འདོམས་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། འབྲུ་རིགས་དང་སྣུམ་གྱི་ཐོན་སྐྱེད་དང་། འདེབས་འཛུགས་ལས་རིགས་དར་རྒྱས། ཞིང་ལས་ཚན་རྩལ་སྒྲིག་ཆས། སྣ་མང་ཅན་གྱི་བཟའ་བཅའ་མཁོ་སྤྲོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཞབས་ཞུར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། མ་དངུལ་དང་ཐོན་ཁུངས་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་ཧུར་ཐག་བྱེད་ཀྱི་ཡིན།

    ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་གྱི་འགག་རྩ་ནི་མདོར་བསྡུས་ནས་བརྗོད་ན་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེར་ཐུག་ཡོད།

    ཧྲའན་ཤིས་པའོ་ཅི་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཐོན་ལས་ཞབས་ཞུ་ཁོའོ་ཡི་འགན་འཁུར་བ་ཁྲེན་ཅེ་ཡིས། “ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐབས་བརྒྱ་ཇུས་སྟོང་ངང་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་གི་ཡོད། སྲིད་གཞུང་དང་། ཚན་ཞིབ་སྒྲིག་གཞི། ཁེ་ལས། མཉམ་ལས་ཁང་། རྟེན་གཞི་བཅས་ཟུང་དུ་འབྲེལ་བའི་མཉམ་འབྲེལ་ཞིང་ལས་ལམ་སྲོལ་བཙུགས་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད”ཅེས་བརྗོད།

    གྲོང་གསེབ་ནི་ཞིང་པ་དུང་ཕྱུར་མང་པོའི་ཐོན་སྐྱེད་བྱེད་ས་དང་འཚོ་བ་སྐྱེལ་སའི་ཁྱིམ་གཞིས་ཡིན། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ནི་ཞིང་པ་དུང་ཕྱུར་མང་པོའི་རེ་སྒུག་དང་རེ་སྨོན་ཡིན།

    འབྲི་ཆུའི་འགྲམ་གྱི་ཁྲུང་ཆིང་དབན་ཀྲོའུ་ཆུས་རང་ཏུའུ་གྲོང་རྡལ་ཀྲུང་ཡན་གྲོང་ཚོར་ཆུ་ཀ་ལ་དང་གློག་ཁྲིད་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། “སྤྱི་ཁྱབ་ཧྲུའུ་ཅིས‘གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས’ཞེས་ནན་བཤད་གནང་བས་ང་ཚོའི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡིན་པ་ཚོར་བྱུང་། གྲོང་སྡོད་ལས་བྱེད་པ་ཞིག་ཡིན་པའི་ངས་ཡུལ་མི་སྤུན་ཟླ་ཚོ་དང་མཉམ་དུ་ཐན་འགོག་ཆུ་འགོའི་ལས་གྲྭ་དོན་འཁྱོལ་བྱ་རྒྱུར་མཉམ་དུ་འབད་བརྩོན་བྱས་པ་དང་གྲོང་ཚོའི་གཞུང་ལམ་དུ་གློག་སྒྲོན་བསྒར་བ་དང་ཆུ་ཡུར་བཅོས་སྒྲིག་གི་རྣམ་གྲངས་ལག་ལེན་བསྟར་བས། གྲོང་ཚོའི་འཐུང་ཆུ་བདེ་འཇགས་ལྡན་པ་དང་། གློག་སྒྲོན་གསལ་བ། ཆུ་ཡུར་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད། སླད་ཕྱིན་གྲོང་ཚོའི་ཡུལ་མིའི་འཚོ་བའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་ཡུལ་མིའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད།

    “ལོ་ལྔ་ཚན་བཅོ་ལྔ་པར”འབད་འཐབ་བྱེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དངོས་སྒྲུབ་ཞིང་དར་བྱས་ཏེ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།