དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱལ་ཁབ་ཁག་གི་མི་དམངས་ལ་ཕྱོགས་མང་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་དྲང་གཞག་ངང་ཐོབ་པར་བྱེད་ཀྱི་ཡིན”

    —— མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་མུའུ་ལེར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཀྲུང་ཧྭ།   |     སྤེལ་དུས།  2026-09-24

    གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ཇི་ལྟར་སྒྲུབ་དགོས་མིན་གྱི་དུས་རབས་ཀྱི་དྲི་བར་དམིགས་ཏེ། 2021ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་གནང་སྐབས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་གཟབ་ནན་ངང་བཏོན་གནང་ཡོད། “ལོ་ལྔའི་རིང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་སྒྲོམ་གཞིའི་ནང་གི་འབྲེལ་ཡོད་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་མཉམ་ལས་ཀྱི་ནང་དོན་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གནད་དོན་ལ་སླར་ཡང་དམིགས་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱུང་ཡོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུར་ཕན་ཐོགས་པ་ཞིག་རེད” ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས(བཟོ་ལས་འཕེལ་རྒྱས་རྩ་འཛུགས)ཀྱི་སྤྱི་ཁྱབ་ཀན་ཧྲི་ཀེར་ཏེ·མུའུ་ལེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མིའི་རིགས་ཡོངས་ཀྱི་གཅིག་མཐུན་ལས་དབང་དང་འབྲེལ་བ་ཡོད་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་འགག་རྩ་ཡང་རེད། གོ་ལ་ཧྲིལ་པོའི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་དབར་གྱི་གལ་ཆེའི་རང་བཞིན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བརྗོད་པ་རེད།

    རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་རྒྱལ་སྤྱིའི་བཟོ་ལས་མཉམ་ལས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་སྒྲིག་གཞི་ཞིག་ཡིན་པའི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་འདི་ཉིད་བཙུགས་ནས་ད་ལོ་བར་དུ་ལོ་60སོང་ཡོད། ཀྲུང་གོ་ནི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་བློ་རྩ་བརྟན་ཤོས་ཀྱི་གྲས་ཤིག་རེད། ཕྱོགས་གཉིས་ཀྱིས་ཡུན་རིང་མཉམ་ལས་བྱས་པའི་ནང་གྲུབ་འབྲས་ཐོབ་པའི་དཔེ་མཚོན་མང་པོ་བྱུང་ཡོད། མུའུ་ལེ་ཡིས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་ཁས་ལེན་བྱས་པ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་གལ་འགངས་དེ་བས་ཆེན་པོ་རེད། བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

    མུའུ་ལེ་ཡིས། བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཧུར་ཐག་ཞུགས་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་དྲ་རྒྱར་ཞུགས་པ། གོ་ལ་ཧྲིལ་པོའི་མཉམ་སྤྱོད་འཕེལ་རྒྱས་བྱ་སྤྱོད་གླེང་སྟེགས་ཀྱི་རིམ་མཐོའི་ཚོགས་འདུ་འཚོག་པར་རྒྱབ་སྐྱོར་བྱས་པ་སོགས། སྲིད་ཇུས་སྤེལ་རེས་དང་། ཤེས་བྱ་མཉམ་སྤྱོད། རྣམ་གྲངས་གསར་སྤེལ། རོགས་ཟླ་སྐུལ་སློང་བཅས་བྱས་པ་བརྒྱུད་འབྲེལ་ཡོད་ཀྱི་ཐུན་མོང་ངོས་འཛིན་དག་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་པོར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ད་དུང་ཀྲུང་གོ་དང་ལག་གདང་སྦྲེལ་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་བཟོ་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ཐོན་ལས་མཉམ་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ་དང་། ས་གནས་དེ་གའི་ཐོན་སྐྱེད་ནུས་པ་སྐྱེད་སྲིང་བྱས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ནང་དེ་བས་ལེགས་པའི་ངང་ཞུགས་པར་རྒྱབ་སྐྱོར་བྱས་པ་བཅས་ཀྱི་ཐོག་ནས་ཐུན་མོང་འཕེལ་རྒྱས་ཀྱི་འདུ་ཤེས་མཚོན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མུའུ་ལེ་ཡིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གཉིས་ཧ་ཅང་འཚམ་པོ་བྱུང་ཚུལ་གཙོ་བོ་ཕྱོགས་གསུམ་ནས་མངོན་པ་སྟེ། གཅིག་ནས་འཕེལ་རྒྱས་སྔོན་ལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། གཉིས་ཀས་འཕེལ་རྒྱས་གཏོང་རྒྱུའི་གནད་དོན་གྱི་རྨང་གཞིའི་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་རང་ཚུགས་ནུས་པ་ཆེ་རུ་གཏོང་བའི་ཐུན་མོང་གི་དོ་ཁུར་དང་ཡོངས་ཁྱབ་ཀྱི་རེ་འབོད་ལ་ཨ་ལན་ཧུར་ཐག་བསློགས་པ་དང་། གཉིས་ནས་བྱ་སྤྱོད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། གཉིས་ཀས་དངོས་སྒྲུབ་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་དང་། ལག་རྩལ། ཤེས་ལྡན་པ། ལམ་སྲོལ་འཛུགས་སྐྱོང་སོགས་བརྒྱུད་འདེགས་སྐྱོར་ཐུབ་པར་བྱས་པ་དང་། བཟོ་ལས་ཅན་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། དབུལ་པོ་ཉུང་གཏོང་། འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་ཏུ་བཏང་བ། གསུམ་ནས་རོགས་ཟླའི་མཉམ་ལས་གཏིང་ཟབ་ཏུ་བཏང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་དོ་སྙོམས་ཀུན་ཕན་གྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་དགོས་པའི་ནན་བཤད་བྱས་པ་དང་ཤེས་བྱ་དང་། ཉམས་མྱོང་། ལག་རྩལ། ཐོན་ཁུངས་བཅས་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་དེ་བཞིན་རྒྱལ་ཁབ་ཁག་གི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་དགོས་པའི་ལྕག་སྐུལ་བཏང་བ་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་མང་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བའི་ལས་ཀའི་ནང་དོན་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་ཅེས་བརྗོད་པ་རེད།

    2021ལོ་ནས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཡི་འགན་འཁུར་ཚུན། མུའུ་ལེ་ཡིས་ཐོག་མཐའ་བར་གསུམ་དུ་བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བར་གཞོལ་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལྗང་མདོག་དང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཁྲོད་ནས་ཕན་པ་ཐོབ་རྒྱུར་རོགས་རམ་བྱས་ཡོད། ཁོང་གིས་ཀྲུང་གོས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལག་རྩལ་དང་ཉམས་མྱོང་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོས་སྤྱོད་གོ་ཆོད་པའི་ལྗང་མདོག་ཕྱོགས་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱེད་པར་གདམ་ག་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་དགོས་ཀྱི་ཡོད། དེ་འདྲ་བྱུང་ན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་། བཀྲེས་ལྟོགས་སེལ་ཐུབ་པ། རྒྱུན་མཐུད་ཆོག་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་ཐུབ”ཅེས་དང“འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཕྱོགས་མང་འབྲེལ་ཐག་གི་ནུས་པ་མུ་མཐུད་འདོན་པ་དང་། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ཕྱོགས་ཁག་དབར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་སོགས་དང་འབྲེལ་མཐུད་དེ་བས་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕྱོགས་མང་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་དྲང་གཞག་ངང་ཐོབ་པར་བྱེད་འདོད་ཡོད”ཅེས་མུའུ་ལེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།