ཟླ་དང་པོ་ནས་བརྒྱད་པའི་བར་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་6903བཏང་བ།
དམངས་ཁྲོད་ནས་བཏང་བའི་མ་དངུལ་དུས་མཚུངས་ལས་བརྒྱ་ཆ་བརྒྱད་ཅུ་འཕར་བ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཞིང་། ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་སུ་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་6903བཏང་ནས་མུ་མཐུད་འཁོར་སྐྱོད་ཡག་པོ་ཐུབ་པ་བྱས་ཡོད། རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས་སྣ་ཚོགས་ཁྲི་3.8ལག་བསྟར་བྱས་པ་དང་ཆུ་བེད་རྣམ་གྲངས་ཀྱི་ཨར་སྐྲུན་ནང་ཞུགས་མཁན་ལས་མི་ཁྲི་172.3ཟིན་ཡོད།
ཟླ་དང་པོ་ནས་བརྒྱད་པའི་བར། ཆུ་བེད་རྣམ་གྲངས་ཁྲི་2.2གསར་དུ་ལས་འགོ་ཚུགས་པ་དང་། དེའི་ནང་ཆུ་བེད་ལས་གྲྭ་གལ་ཆེན་28གསར་དུ་ལས་འགོ་བཙུགས་པའི་ནང་འགག་གསུམ་ཆུ་ཐོག་སྐྱེལ་འདྲེན་གྱི་གྲུ་ལམ་གསར་པ་དང་། ཐའེ་ཕུའུ་གཙང་པོའི་རྗེས་མཐུད་དུས་ཐེངས་དང་པོ། ཧྥུའུ་ཅན་ཧྲང་པའེ་ཧྲི་ཆུ་བེད་ལྟེ་གནས་སོགས་ཀྱི་ལས་གྲྭ་ཚུད་ཡོད་པ་དེ་ན་ནིང་ལོ་ཧྲིལ་པོར་ལས་འགོ་བཙུགས་པའི་གྲངས་འབོར་ལས་བརྒལ་ཡོད།
ད་ལོའི་ཚུན་དུ། ཆུ་བེད་པུས་མུ་མཐུད་ཆུ་བེད་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། “མཁྲེགས་ཆས་མ་འཇོག”དང“མཉེན་ཆས་འཛུགས་སྐྲུན”ལ་སྤྱི་འདོམས་བྱེད་པ། ཆུ་བེད་ཁྱབ་ཁོངས་ཀྱི“གལ་ཆེ་གཉིས”རྣམ་གྲངས་ནང་ཚུད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ་ཆུ་བེད་ལས་གྲྭ་གལ་ཆེན་ལ་དམངས་ཁྲོད་ཀྱི་མ་རྩ་འཇོག་པར་སྐུལ་འདེད་གཏོང་བ། ས་གནས་ཀྱིས་མ་རྐང་བདག་དབང་མཉམ་ལས་དང་དམིགས་བསལ་གཉེར་སྐྱོང་སོགས་ཀྱི་བྱེད་སྟངས་སྣ་ཚོགས་སྤྱད་པར་ཁྲིད་སྟོན། སྤྱི་ཚོགས་ཀྱི་མ་རྩ་དང་ལྷག་པར་དུ་དམངས་གཉེར་མ་རྩ་ཆུ་བེད་འཛུགས་སྐྲུན་གཉེར་སྐྱོང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་བཅས་བྱས་ཡོད།
ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་ཐད་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་། དངུལ་ཁང་གི་དངུལ་བུན། སྤྱི་ཚོགས་ཀྱི་མ་རྩ་བཅས་ཁྱོན་སྒོར་དུང་ཕྱུར་3128.1དོན་འཁྱོལ་བྱས་པའི་ནང་དམངས་ཁྲོད་ཀྱི་མ་རྩ་སྒོར་དུང་ཕྱུར་134.3ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་80.1%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།