ས་གཞི་ཆེན་པོའི་དངོས་གྲུབ་ལོངས་སྤྱོད་ཞིང་པའི་མཛེས་སྡུག་ལྡན་པའི་འཚོ་བར་འགྱུར་དགོས།
ཁྲང་ཆིན།
འབྲས་ཞིང་རིམ་བཞིན་སེར་པོར་གྱུར། ཀྭ་རིགས་ཤིང་ཏོག་རབ་ཏུ་སྨིན། སླར་ཡང་ལོ་གཅིག་དུས་གཅིག་གི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”འཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་་ནས། “རྒྱ་ཆེའི་ཞིང་པའི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
གསེར་མདོག་ཞིང་ཐང་གི་སྟོན་འབྲས་རེ་རེ་ནི་ས་གཞི་ཆེན་པོས་ཞིང་པར་བསྩལ་བའི་དངོས་གྲུབ་ལོངས་སྤྱོད་རེད། དབྱར་བསྡུའི་དུས་སུ་ཧུའུ་པེའི་ཤང་དབྱང་དུ་ཆར་པ་བར་མེད་བབས་ནས་ས་ཆ་མང་པོའི་ཞིང་འཕྲུལ་གཏོང་མཁན་གྱིས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ཏེ་ཆར་པའི་ཁྲོད་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་མཛོད་ཁང་དུ་བསྡུས་པ་དང་། ལེའོ་ཉིང་ཐེ་ལིང་དུ་དྲག་ཆར་བབས་ནས་ཨ་ཤོམ་གྱི་ཞིང་ཁར་ཆུས་ཁེངས་སྐབས་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་ས་ཡུལ་དངོས་སུ་ཡོང་སྟེ་འཁྱིལ་ཆུ་ཕྱིར་འབུད་དང་གཡོག་བྱེད་ལ་མཛུབ་ཁྲིད་སོགས་ཀྱི་ལས་ཀ་འབོར་ཆེན་བསྒྲུབས་པ་དྲན་པའི་ཡུལ་དུ་འཆར། འདམ་གྱིས་འཚོས་པའི་ལག་པ་གྲངས་ལས་འདས་པས་ཐོན་འབབ་ལྗིད་ཏིག་ཏིག་དེ་དག་སྲུང་བཞིན“ཀྲུང་གོའི་ལྟོ་ཕོར”ལག་ཏུ་བརྟན་པོར་བཟུང་ཡོད།
ཞིང་དར་ཞིང་ཕན་དང་ཞིང་ཕྱུག་ཡོང་བའི་འགག་རྩ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐུག་ཡོད། ཉེ་བའི་ལོ་ཤས་རིང་། ལག་རྩལ་ཡག་པོ་དང་ཞབས་ཞུ་ཡག་པོ་དེ་བས་མང་བ་ཞིང་ནང་དང་མུ་ཁར་ཁྱབ་གདལ་བཏང་བས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཁྱད་ལྡན་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་རྩ་བ་ཚུགས་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་མངོན་བཞིན་ཡོད། རྨང་གཞི་བརྟན་དུ་གཏོང་བ་དང་། སྲིད་ཇུས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་བཅས་བྱས་ཚེ་ད་གཟོད་ཡུལ་མི་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཡོང་ཐུབ་པ་དོན་དངོས་ལས་ར་འཕྲོད་ཡོད།
དཀའ་བ་སྤྱད་པར་འབྲས་བཟང་ཐོབ་པ་དང་། རྔུལ་ཆུ་བཏོན་པར་ཐོན་འབབ་ཡག་པོ་བྱུང་ཡོད། ཞིང་ལས་སྟོབས་ཆེར་འགྲོ་བ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་མི་སེམས་འགུལ་བའི་མཛེས་རིས་ཤིག་མུ་མེད་ཞིང་ཐང་གྲུ་བཞི་ནས་རྒྱུན་མཐུད་མངོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།