དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསར་པ་དང་རིག་ལྡན་ལ་ཕྱོགས་པ་དང་། དེ་བས་ཆེད་ལས་ཅན་དང་ཕུལ་བྱུང་བཅས་ཀྱི་ཁྱད་ཆོས་མངོན་པའི་ཀོང་ཀྲོའུ་ཚོང་འདུས་གཉེར་རྒྱུ་ཡིན་པ།

    ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེན་པོ་བཅུ་ཕྱོགས་ཡོངས་ལ་ཐོག་མར་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ཁོ།   |     སྤེལ་དུས།  2026-09-24

    ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་འདུས་སྐབས་140པ(ཀོང་ཀྲོའུ་ཚོང་འདུས)ཟླ་10ཚེས་15ནས་ཟླ་11ཚེས་4ཉིན་བར་དུས་ཐེངས་3ལ་དབྱེ་ནས་ཀོང་ཏུང་ཀོང་ཀྲོའུ་རུ་གཉེར་རྒྱུ་ཡིན་པ་རེད། ཟླ་9ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཚོང་དོན་པུའི་འགན་འཁུར་མི་སྣས། ད་ལོ་ཚུན་དུ་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕར་བའི་རྣམ་པ་བཟང་པོ་རྒྱུན་མཐུད་ཐུབ་པ་དང་། ཀོང་ཀྲོའུ་ཚོང་འདུས་དེ་ཉིད་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི“ཆར་བརྟག་ཡོ་བྱད”དང“རླུང་ཕྱོགས་སྟོན་རྟགས”སུ་བརྩིས་ནས་གསར་པ་དང་རིག་ལྡན་ལ་ཕྱོགས་པ་དང་། དེ་བས་ཆེད་ལས་ཅན་དང་ཕུལ་བྱུང་སོགས་ཀྱི་ཁྱད་ཆོས་མངོན་པར་བྱ་རྒྱུ་རེད་ཅེས་བརྗོད།

    སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཐོག་འགྲེམས་ཞུགས་ཁེ་ལས་ཁྲི་3.2ཡོད་པའི་ནང་ཆེད་ཞིབ་ཁྱད་གསར་དང་རྣམ་གྲངས་རྐྱང་པ་ཨང་དང་པོ་ཐོབ་པ་སོགས་སྤུས་ལེགས་ཁེ་ལས་ཁྲི་1.1ལྷག་ཙམ་ཡོད་པ་རེད།འགྲེམས་ཞུགས་ཁེ་ལས་64%ཡིས་བཟོ་ལས་མཉམ་སྦྲེལ་དྲ་རྒྱ་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་གསར་པ་སྤྱད་ཡོད། འགྲེམས་སྟོན་བྱས་པའི་ཐོན་རྫས་གསར་པ་དང་ལྗང་མདོག་ཐོན་རྫས་ཀྱིས་23.2%དང་26%སོ་སོར་བཟུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    ད་ལོ་ཚུན་དུ། མི་ཐབས་རིག་ནུས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱིས་མི་ཐབས་རིག་ནུས་དང་གྲངས་གཞི་ཆེ་མོ་སོགས་ལག་རྩལ་དེ་འགྲེམས་སྟོན་གཉེར་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རིག་ལྡན་བཀོལ་སྤྱོད་ཀྱི་ཡུལ་རྣམ་22དང་མི་ཐབས་རིག་ནུས་ཀྱི་ཁྱད་ལྡན་བཀོལ་སྤྱོད་རྣམ་གྲངས་16ཐོག་མར་བཏོན་ནས་འགྲེམས་ཁང་ཡོངས་ཀྱི་འགྲེམས་གནས་རིམ་པའི་ཕྱོགས་སྟོན་དང་འགྲེམས་གནས་མང་དུ་བཏང་བའི་དངོས་ཡོད་ཆ་འཕྲིན་མངོན་པར་བྱས་པས། འགྲེམས་ཞུགས་ཉམས་ལེན་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་རེད།

    མིག་སྔར། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས“མངགས་ཐོ་ལེན་པ་དང་ཐོན་རྫས་འཚོང་བ”ནས“མ་ལག་འཛུགས་པ་དང་སྤུས་ལེགས་ཞབས་ཞུ”བར་ཕྱོགས་སྒྱུར་བྱས་པས། དངོས་ཟོག་དང་ཞབས་ཞུ་མཉམ་འདྲེས་དང་ཚོང་དོན་མ་འཇོག་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་མངོན་ཡོད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་ཚོང་དོན་ཞབས་ཞུའི་འགྲེམས་ཁུལ་གྱི་སྤུས་ཚད་མཐོ་རུ་བཏང་ནས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེ་གྲས་བཅུ་ལ་ཕྱོགས་ཡོངས་ནས་ཁྱབ་པ་དང་། འགྲེམས་ཞུགས་ཁེ་ལས་36.5%ཡིས“ཐོན་རྫས་དང་ཞབས་ཞུ”ཟུང་དུ་འབྲེལ་བའི་རྣམ་པ་ཕྱོགས་སྒྱུར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།