དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་སྲུང་སྐྱོང་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-09-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། སྐྱེ་ཁམས་ཁོར་ཡུག་པུའི་གསར་འགྱུར་མགྲིན་ཚབ་པ་ཧྥེ་ཞའོ་ཧྥེ་ཡིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཁུལ་གལ་ཆེན་དང་ས་ཁོངས་ཀྱི་འཐབ་ཇུས་ཁུལ་གལ་ཆེན་དུ་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་སྲུང་སྐྱོང་ཕན་འབྲས་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད་ཅེས་བརྗོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་པུས་དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཧྥེ་ཞའོ་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་ལེགས་གྲུབ་ཟིན་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་སྐྱེ་ཁམས་ཁོར་ཡུག་གི་ལོ་ལྔའི་སྲུང་སྐྱོང་ཕན་འབྲས་དཔྱད་དཔོག་ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་། རྨ་ཆུ་འབབ་རྒྱུད། མཚོ་བོད་ས་མཐོ། ཆིན་ལིང་ས་ཁུལ། མཚོ་འགྲམ་རྒྱུད། ཅིང་ཅིན་ཅི། འབྲི་ཆུའི་ཟུར་གསུམ་ཁུལ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་སོགས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཁུལ་དང་ས་ཁོངས་ཀྱི་འཐབ་ཇུས་ཁུལ་འགངས་ཆེན་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་བརྟན་པོ་བྱུང་བ། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་བྱེད་ནུས་སྤྱི་ཡོངས་ནས་བརྟན་ཐོག་ཡར་འཕེལ་བྱུང་བ། ཆུ་རྩ་གསོ་འཁྱོངས་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྔོ་ཁེབས་ཁྱབ་ཚད་སོགས་ཀྱི་སྟོན་རྟགས་གཙོ་བོ་ཆ་སྙོམས་མཐོ་རུ་ཕྱིན་པ། ཆུའི་ཁོར་ཡུག་དང་རླུང་ཁམས་ཆེན་པོའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལམ་ལུགས་མ་ལག་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པ་བཅས་རེད།

    ཞིབ་ཕྲ་བལྟས་ན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། དམར་ཐིག་ནང་གི་ཆུ་སྐྱེས་སྐྱེ་དངོས་སྐྱེ་འཚར་ཁུལ་རྒྱུན་མཐུད་སླར་གསོ་བྱུང་བ། སྐྱེ་དངོས་སྣ་མང་རང་བཞིན་བརྟན་པོའི་ངང་བསྐྱར་དུ་འཕེལ་བ། འབབ་རྒྱུད་གཞུང་ཆུའི་སྤུས་ཚད་རིགས་གཉིས་པའི་ཚད་གཞི་ཡུན་རིང་བརྟན་པོ་བྱུང་བ་བཅས་རེད། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་སྤྱི་ཡོངས་ནས་མངོན་གསལ་དོད་པ་དང་། དམར་ཐིག་ནང་གི་ཆུ་རྩ་གསོ་འཁྱོངས་བྱེད་ནུས་སྟོན་གྲངས་28.6%མཐོ་རུ་ཕྱིན་པ། སྔོ་ཁེབས་ཁྱབ་ཚད་2.1%མཐོ་རུ་ཕྱིན་ཡོད། མཚོ་བོད་ས་མཐོའི་རྩ་ཆེའི་མཐོ་གྲང་སྐྱེ་དངོས་རིགས་འཚོ་གནས་ཁུལ་རྒྱུན་མཐུད་ངང་སླར་གསོ་བརྟན་པོ་བྱུང་བ་དང་། དམར་ཐིག་ནང་གི་གཙོ་གནད་སྐྱེ་དངོས་རིགས་ཀྱི་གྲངས་འབོར་སྲུང་སྐྱོང་བྱེད་ཚད་8.7%མཐོ་རུ་ཕྱིན་པ། སྔོ་ཁེབས་ཀྱི་སྲ་ཐཱན་བྱེད་ནུས་སྟོན་གྲངས་3.1%མཐོ་རུ་ཕྱིན་ཡོད། ཆིན་ལིང་ས་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བརྟན་པོའི་ངང་ལེགས་སུ་ཕྱིན་པ། དམར་ཐིག་ནང་གི་ཆུ་རྩ་གསོ་འཁྱོངས་བྱེད་ནུས་སྟོན་གྲངས་7.1%མཐོ་རུ་ཕྱིན་པ། གཙོ་གནད་སྐྱེ་དངོས་རིགས་ཀྱི་གྲངས་འབོར་སྲུང་སྐྱོང་བྱེད་ཚད་3.4%མཐོ་རུ་ཕྱིན་པ་བཅས་རེད། མཚོ་འགྲམ་རྒྱུད་ཀྱི་དམར་ཐིག་ས་ཁོངས་ཀྱི་རྒྱ་མཚོའི་རང་བྱུང་འགྲམ་རྒྱུད་ཀྱི་སྟོན་གྲངས་མཐོ་རུ་ཕྲན་བུ་ཕྱིན་ཡོད།

    ཧྥེ་ཞའོ་ཧྥེ་ཡིས་སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལག་བསྟར་དོ་དམ་གྱི་སྲིད་ཇུས་བྱེད་ཐབས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་མ་ལག་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།