དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཚོ་འགྲམ་སྦྲག་ཁང་ཆུང་ཆུང་ནང་། རིག་གནས་ཞབས་ཞུའི་རྣམ་པ་བཟང་།

    —— ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་བརྗོད་དོན་གཙོ་བོའི་སྦྲག་ཁང་གི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-24

     འདི་ནི་བྲག་གསུམ་མཚོའི་བརྗོད་དོན་གཙོ་བོའི་སྦྲག་ཁང་ནང་འགྲེལ་བཤད་པས་ཡུལ་སྐོར་བ་གཉིས་ལ་འགྲེམས་སྟེགས་ཐོག་བཤམས་པའི་ཁྱད་ལྡན་རིག་གནས་བསམ་བཀོད་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་མཚོ་དཀྱིལ་གླིང་ཕྲན་འགྲམ་དུ་བཙུགས་པའི་སྦྲག་ཁང་དེར་སྦྲག་ལས་ཞབས་ཞུ་དང་། རིག་གནས་བསམ་བཀོད་ཉམས་ལེན། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་བཅས་གཞི་གཅིག་ཏུ་འདུས་ཡོད། དེ་ནི་ཡུལ་སྐོར་བས་པར་རྒྱག་དྲན་རྟེན་འཇོག་སའི་རིག་གནས་ཡུལ་སྐོར་གྱི་བར་མཐོངས་ཤིག་ཡིན་ལ། ཉིང་ཁྲིའི་ས་གནས་དེ་གའི་ཐོན་རྫས་འགྲེམས་སྟོན་དང་ཡུལ་སྲོལ་གོམས་གཤིས། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་སའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། གཉེར་སྐྱོང་བྱས་ནས་ཟླ་ཤས་ཀྱང་མ་སོང་བར་སྦྲག་ཁང་དེ་མཛེས་ལྗོངས་ཁུལ་གྱི་དྲ་ཐོག་གྲགས་ཅན་ཚོའི་པར་རྒྱག་ཡུལ་གཙོ་བོར་གྱུར་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

    སྦྲག་ཁང་ནང་འཛུལ་སྐབས། ཐོག་མར་མིག་ལམ་དུ་འཆར་བ་ནི་ཡིག་སྐོགས་མེད་པའི་འཕྲིན་ཡིག་སྦྱར་བའི་གྱང་ཡིན་ཞིང་། གངས་རི་དང་། མཚོ་མོ། ཉིང་ཁྲིའི་ཁམ་བུའི་མེ་ཏོག་བཅས་ཀྱི་རི་མོ་ཚོན་མདངས་རྣམ་པར་བཀྲ་བ་དང་ཡིད་དུ་འོང་བ་ཞིག་ཡོད། དེའི་འགྲམ་གྱི་ཟོག་སྒྲོམ་ཐོག་འཁྱགས་སྒམ་གྱི་སྦྱར་ཆས་དང་། ལྷ་མོའི་སྒྲིག་ཆས། ཁྱད་ལྡན་འགེལ་ཆས་ཆུང་གྲས་སོགས་གྲལ་ལྟར་འགྲིག་པའི་ནང་མང་ཆེ་བ་ནི་ཆེད་མངགས་བྲག་གསུམ་མཚོ་བཀོད་པར་བྱས་པའི་གསར་གཏོད་ཐོན་རྫས་རེད། སྤུས་ལེགས་དངོས་ཟོག་རེ་རེ་ལས་བྲག་གསུམ་མཚོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཉིང་ཁྲིའི་མི་ཆོས་རིག་གནས་གཅིག་ཏུ་འདུས་ཡོད་པས། ཡུལ་སྐོར་བས་མཛེས་ལྗོངས་མྱོང་རོལ་ཐུབ་པ་མ་ཟད། འགྲུལ་བཞུད་ཀྱི་དྲན་རྟེན་ཡང་འཇོག་ཐུབ་ཀྱི་ཡོད།

    སྦྲག་ཁང་གི་ལས་དོན་པ་ལྷ་མོས“སྦྲག་ཁང་དུ་རིག་གནས་བསམ་བཀོད་ཐོན་རྫས་དང་། ཡིག་སྐོགས་མེད་པའི་འཕྲིན་ཡིག འཁྱགས་སྒམ་ལ་སྦྱར་ཆས། ཁྱད་ལྡན་འགེལ་ཆས་ཆུང་གྲས་བཅས་སྣ་ཚོགས་ཡོད་པའི་ནང་ཆེད་མངགས་བྲག་གསུམ་མཚོ་བཀོད་པར་བྱས་ནས་གསར་གཏོད་ཇུས་འགོད་བྱས་པའི་འཁྱགས་སྒམ་ལ་སྦྱར་ཆས་དང་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཡོད་པ་དེ་དག་ཧ་ཅང་བྲིན་པོ་འདུག”ཅེས་བཤད།

    ཡུན་ནན་གྱི་ཡུལ་སྐོར་བ་ཨ་ཅག་ཧྥན་ལགས་ཀྱིས་ཡིག་སྐོགས་མེད་པའི་འཕྲིན་ཡིག་འདེམས་ཞོར་དུ་ད་ཐེངས་ཉིང་ཁྲིར་ཡུལ་སྐོར་ལ་ཡོང་བའི་མྱོང་བ་མཉམ་སྤྱོད་བྱས་པ་དང་། སྦྲག་ཁང་ནང་རིག་གནས་བསམ་བཀོད་ཐོན་རྫས་འདྲ་མིན་སྣ་ཚོགས་འདེམས་ཉོ་བྱས་ནས་གཉེན་ཉེར་བསྐུར་རྩིས་བྱེད་ཅིང་། “འདི་གའི་ཡུལ་ལྗོངས་ཧ་ཅང་མཛེས་ལ། མཚོ་མོ་དྭངས་ཤིང་གཙང་བ་དང་ཕྱོགས་བཞི་གངས་རིས་བསྐོར་བས་ལུས་སེམས་ལྷོད་ལ་བབས་ཀྱི་འདུག སྦྲག་ཁང་ནང་གི་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་སྣ་ཁ་མང་ལ་སྙིང་རྗེ་པོ་འདུག་པས་ང་ཚོ་ཉོ་འདོད་ཆེན་པོ་བྱུང་། ལོ་མང་སོང་རྗེས་དངོས་པོ་དེ་དག་མཐོང་སྐབས་ད་ཐེངས་ཀྱི་བརྗེད་པར་དཀའ་བའི་བོད་ཀྱི་འགྲུལ་བཞུད་དེ་སླར་ཡང་དྲན་སྲིད”ཅེས་བཤད།

    དབྱིངས་ཞུགས་རྣམ་པའི་རིག་གནས་བསམ་བཀོད་ཉམས་ལེན་ཕུད། སྦྲག་ཁང་དེ་ཡང་ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་ས་གནས་དེ་གའི་སྤུས་ལེགས་ཐོན་རྫས་འོས་སྦྱོར་བྱེད་སའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། སྦྲག་ཁང་གིས་ཆེད་མངགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཁུལ་བཙུགས་ཏེ་ཀོང་པོ་རྒྱ་མདའ་ནས་ཐོན་པའི་སྤོས་དང་ཕག་ཀྲིན་སོགས་སྤུས་ལེགས་ཁྱད་ལྡན་ཐོན་རྫས་གཅིག་སྡུད་འགྲེམས་སྟོན་བྱས་ཡོད། འགྲེམས་ཁུལ་དེ་རིག་གནས་བསམ་བཀོད་ཀྱི་ཟོག་སྒྲོམ་འགྲམ་དུ་བཙུགས་པ་དང་། ཡུལ་སྐོར་བས་ཡིག་སྐོགས་མེད་པའི་འཕྲིན་ཡིག་བདམས་ཚར་རྗེས་ལམ་སེང་ས་གནས་དེ་གའི་ཐོན་རྫས་མཐོང་ཐུབ་ཀྱི་ཡོད་པས། ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཁྲོམ་སྐོར་བྱེད་ཞོར་དུ“ཉིང་ཁྲིའི་ཞིམ་ཟས”མྱོང་རོལ་ཐུབ་སྟེ། ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་གི་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་ཐུབ་ཡོད།

    སྦྲག་ཁང་དེ་གཉེར་སྐྱོང་བྱས་པ་དེས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད། མིག་སྔར་སྦྲག་ཁང་གི་ལས་དོན་པ་5ཚང་མ་མཐའ་འཁོར་གྲོང་ཚོ་ནས་ཡིན་ཞིང་། ལྷ་མོ་ཡང་དེའི་ནང་གི་གྲས་ཤིག་རེད། གྲོང་ཚོའི་གཞོན་ནུའི་ངོས་ནས་བརྗོད་ན་དེ་ནི་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པའི་གོ་སྐབས་ཤིག་རེད། ཁོང་ཚོ་ཚོང་སྒྲོམ་གྱི་མདུན་དུ་སྦྲག་ལས་བྱེད་མཁན་ཞིག་རེད་ལ། ཡུལ་སྐོར་བར་རང་ཡུལ་གྱི་ཐོན་རྫས་དང་ཡུལ་ལྗོངས་ཀྱང་ངོ་སྤྲོད་བྱེད་མཁན་ཞིག་ཀྱང་རེད།

    སྦྲག་ཁང་དངོས་སུ་སྒོ་ཕྱེ་བ་ནས་ད་ལྟའི་བར། གཉེར་སྐྱོང་གི་ཕན་འབྲས་སྔོན་དཔག་ལས་བརྒལ་ཞིང་། དེར་མཛེས་ལྗོངས་ཁུལ་གྱི་ཀུན་གྱིས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་པ་མ་ཟད། རིག་གནས་ཁྱབ་སྤེལ་དང་ཞིང་སྐྱོར་འབབ་འཕར་ཡོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་དེ་བས་གྱུར་ནས་ཡུལ་སྐོར་བའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། བྲག་གསུམ་མཚོའི་བརྗོད་དོན་གཙོ་བོའི་སྦྲག་ཁང་གི་འགན་འཁུར་བས“ང་ཚོས་རང་ཡུལ་རིག་གནས་ཀྱི་ནང་དོན་མུ་མཐུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རིག་གནས་བསམ་བཀོད་ཐོན་རྫས་དེ་བས་མང་བ་འདོན་པ། ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་རིག་གནས་ཀྱི་དོ་སྣང་བྱ་ཡུལ་དང་། སྦྲག་སྲིད་ཞབས་ཞུ། རིག་གནས་བསམ་བཀོད་ཐོན་རྫས་ཕྱིར་ཚོང་། ཞིང་སྐྱོར་དམངས་ཕན་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་མིང་བྱང་གཏོད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།