ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་གིས།
གཅེས་སེམས་ཟམ་པ་74བསྐྲུན་ནས་མང་ཚོགས་ཀྱི་འགྲོ་སྐྱོད་ལམ་བུ་བདེ་རུ་བཏང་བ།
སྟོན་ཟླ་དགུ་པར་མལ་གྲོ་གུང་དཀར་རྫོང་དུ་ཉིན་ཤས་བསྟུད་མར་དྲག་ཆར་བབས་ནས་ས་གཞི་ཡོངས་བརླན་པ་མ་ཟད། ཆུ་བོ་རྒྱས་པས་གྲོང་ཚོའི་ལམ་དང་འབྲོག་རའི་ལམ་མང་པོ་ཞིག་ཆར་ཆུས་འཁྱེར་ནས་མང་ཚོགས་ཕྱིར་སྐྱོད་པ་དང་། རྨོ་ལས་བྱེད་པ། ཕྱུགས་འཚོ་བ་བཅས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད།
ལམ་ཆད་ཀྱང་གོམ་པ་སྤོ་མཚམས་བཞག་མེད།
མལ་གྲོ་གུང་དཀར་རྫོང་གིས་སྤེལ་བའི“ཉིན་བརྒྱའི་བརྟག་ཞིབ་ཆེ་མོའི”རིང་། གྲོང་སྡོད་ལས་དོན་རུ་ཁག་གིས་ཞིང་ནང་དང་མུ་ཁར་བསྐྱོད་དེ། དྲག་ཆར་གྱིས་འགྲོ་ལམ་ལ་གཏོར་སྐྱོན་བཟོས་ནས་འགྲོ་སྐྱོད་ལ་འགོག་རྐྱེན་འཕྲད་པ་སོགས་ཀྱི་དཀའ་གནད་གྲལ་བཤེར་གནད་སྨིན་བྱས་པ་རེད། མང་ཚོགས་ཀྱིས་ལམ་བསྐོར་ནས་འགྲོ་བ་དང་ཆུ་བརྒལ་ནས་འགྲོ་བ་མཐོང་སྐབས་གྲོང་སྡོད་ལས་དོན་རུ་མི་ཚོ་སེམས་ཀྱིས་མ་བཟོད་པར་འཕྲལ་དུ་ཟམ་པ་རྒྱག་པ་དང་ལམ་བཟོ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་བྱ་སྤྱོད་དངོས་སྤེལ་བ་རེད།
གྲོང་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་སྐད་བཏང་ནས་ཇུས་གཞིའི་སྐོར་གྲོས་བསྡུར་བྱས་ཤིང་། ཆེད་ལས་ཀྱི་ཨར་ལས་རུ་ཁག་མེད་ཀྱང་ཁོང་ཚོ་རང་ཉིད་ཀྱིས་འགན་འཁུར་ཏེ་ཨར་འདམ་ཉོ་བ་དང་། བྱེ་རྡོ་དབོར་བ། ཤིང་ཆ་གྲ་སྒྲིག་བྱེད་པ། རྩིག་རྨང་འདིང་བ་བཅས་ཀྱི་ལས་ལ་གཞོལ། དེ་ལྟར་ཉིན་འགའ་ཕྱིན་རྗེས་སྲ་ཞིང་བརྟན་པའི་ཟམ་པ་གསར་པ་ཞིག་ཡོངས་སུ་བརྒྱབ་ཚར། ཟམ་པ་གསར་པ་སྒྲོལ་སྐབས་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བའི་ཡུལ་མི་ཚོས“ཟམ་པ་ཤར་གཏོང་ཐུབ་སོང་ལ་བློ་ཡང་བདེ་རུ་ཕྱིན་སོང”ཞེས་བཤད།
རྣམ་པ་དེ་ལྟ་བུ་མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ་གཞན་དུའང་མང་པོ་མཐོང་རྒྱུ་ཡོད་ཅིང་། ཉིན་100ཡི་རིང་རྫོང་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མ་དངུལ་སྒོར་ཁྲི་87.9གྲབས་གསོག་བྱས་ཏེ་གནོད་འཚེ་ཕོག་པའི་གྲོང་ཚོ་དང་ཚོགས་ཆུང་དུ་དམངས་ཕན་ཟམ་པ་74བརྒྱབ་ཡོད། ཟམ་པ་དེ་དག་ནི་བྱེ་རྡོ་དང་། ཨར་འདམ། ལམ་འོག་གི་ཆུ་སྦུག་བཅས་ལས་གྲུབ་པ་དང་གྲོང་སྡོད་ལས་བྱེད་པ་དང་། ཏང་ཡོན། མང་ཚོགས་བཅས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་བསྐྲུན་པ་ཞིག་རེད། ཐབས་ཆག་ལས་མེད་ཀྱང་གོ་ཆོད་པ་དང་རྫིག་པོ་མེད་ཀྱང་བརྟན་པོ་ཡོད་པའི་ཟམ་པ་74ཡིས་ཆུ་ལོག་གིས་འཁྱེར་བའི་ལམ་བུ་ཤར་གཏོང་ཐུབ་ནས་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་པར་འགན་ལེན་ཐུབ་ཡོད།
ཟམ་པ་74ཚང་མ་དམངས་སེམས་དང་མཐུན་ཞིང་། ཟམ་པ་རེ་རེ་ལས་དམངས་ལ་ཞབས་འདེགས་ཞུ་བའི་གཏམ་རྒྱུད་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཞིང་ནང་དང་མུ་ཁར་འགན་འཁྲི་ཕྲག་ཏུ་འཁུར་བའི་རྣམ་པ་ཡོངས་སུ་མངོན་ཡོད། མང་ཚོགས་ཚོས་ཟམ་པ་ཡོད་ན་ལམ་ཡོད་པ་དང་ལམ་ཡོད་ན་བློ་བདེ་པོ་འདུག་ཅེས་བརྗོད་ཀྱི་ཡོད། མལ་གྲོ་གུང་དཀར་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཅེས་སེམས་ཟམ་པ་74བསྐྲུན་ནས་མང་ཚོགས་ལ་བཅངས་པའི་བརྩེ་བ་ཡོངས་སུ་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།