རྒྱལ་རྩེ་རྫོང་ཁོངས་སུ་སྟོན་བསྡུའི་ལས་ལ་བྲེལ།

འདི་ནི་རྒྱལ་རྩེ་གྲོང་རྡལ་དགའ་བོ་གྲོང་ཚོའི་སྟོན་བསྡུའི་རྣམ་པ་ཡིན་པ། (དཔལ་མཆོག་གིས་པར་བརྒྱབ)
ཟླ་9ཚེས་20ཉིན་གསར་འགོད་པར་རྒྱལ་རྩེ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་9པའི་ཟླ་དཀྱིལ་ནས་འགོ་བཙུགས་ཏེ་རྫོང་དེའི་ཤང་18དང་གྲོང་རྡལ་གཅིག་གི་ཁོངས་སུ་སྟོན་ལས་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་ཡོད་པ་རེད།
ད་ལོ་རྒྱལ་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། རྫོང་ཡོངས་ཀྱིས་འབྲུ་རིགས་བདེ་འཇགས་དང་། ཐོན་ལས་འཕེལ་རྒྱས། དབུལ་ལོག་སྔོན་འགོག གྲོང་གསེབ་ཀྱི“མ་དངུལ། རྒྱུ་ནོར། ཐོན་ཁུངས”བཅས་གསུམ་གྱི་དོ་དམ། ཞིང་ལས་ཕྱོགས་བསྡུས་ཁྲིམས་སྒྱུར། ཞིང་ལས་ལག་རྩལ་ཞབས་ཞུ་བཅས་ཀྱི་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམ་པོར་དམིགས་ཏེ་གྲངས་གཞི་དྲང་གཞག་དང་བྱེད་ཐབས་དངོས་སྒྲུབ་མཐའ་འཁྱོངས་བྱས་ཏེ་ཞིང་གསུམ་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པས། མིག་སྔར་དགའ་འོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འབྲུ་རིགས་ཐོན་འཕར་གྱི་རྣམ་པའི་ཐོག་ནས་ཞིང་པའི་ལོ་ལེགས་དུས་ཆེན་བསུས་པ་རེད།
རྒྱལ་རྩེ་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ནང་ཆུ་བེད་ཀྱི་ལས་གྲྭ་སོགས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བའི་ཆ་རྐྱེན་བཟང་པོར་བརྟེན་ནས། ད་ལོའི་ཞིང་འབྲོག་ཐོན་སྐྱེད་ཐད་བརྟན་ཐོག་ཡར་འཕེལ་གྱི་དམིགས་ཚད་གཏན་ལ་ཕབ་ཅིང་། རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་གྱི་སྤྱིའི་དགོངས་གཞི་ལྟར་འབྲུ་རིགས་དང་པད་ཁ་ཐོན་སྐྱེད་ཀྱི་ཚད་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་སོན་བཟང་གསོ་སྤེལ་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་བ་རེད། རྒྱལ་རྩེ་རྫོང་གི་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་16.19ཟིན་པའི་ནང་འབྲུ་རིགས་ཀྱི་འདེབས་ཁྱོན་མུའུ་ཁྲི་12.42ཟིན་པ་དང་། ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་11.9ཟིན་ཞིང་དེའི་ཁྲོད་ནས་ཀྱི་སོན་བཟང་འདེབས་ཁྱོན་མུའུ་ཁྲི་11.3ཟིན་པས་རྫོང་ཡོངས་ལ་སོན་བཟང་ཁྱབ་ཚད་94%ཟིན་ཏེ། འབྲས་ལྡན་དུས་ཀྱི་ལོ་ཏོག་སྨིན་པའི་ནམ་དུས་སུ་ཡངས་ཤིང་ཁོད་སྙོམས་པའི་ཞིང་ཐང་གསེར་ཞུན་བྱུགས་པ་ལྟ་བུའི་མཛེས་ལྗོངས་ལ་གྱུར་ཞིང་། ཉེ་ཆར། ཞིང་པ་ཚོས་ཞིང་ལས་འཕྲུལ་ཆས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་འབྲུ་རིགས་བང་མཛོད་ལ་འཇུག་པའི་ལས་ལ་བྲེལ་བཞིན་ཡོད་པ་རེད།
(གསར་འགོད་པ། བསོད་ནམས་ཆོས་སྒྲོན། སྐལ་བཟང་སྒྲོལ་དཀར)
འབྲེལ་ཡོད་གསར་འགྱུར།