དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    “ཉམས་ཞན་ཚོགས་སྤྱིར”ལྟ་སྐུལ་དང་དོ་ཁུར་བྱས་ནས་དམངས་འཚོར་འགན་ལེན་ཡག་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-24

    ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ལྟ་སྐུལ་དང་སླར་ཡང་ལྟ་སྐུལ་བྱེད་པའི”འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་ཏེ། ལམ་ལུགས་འཛུགས་སྐྱོང་དང་། གྲངས་འཛིན་གྱིས་མཐུན་རྐྱེན་སྦྱོར་བ། ཐུན་མོང་ཐོག་བཅོས་སྒྲིག་བྱེད་པ། དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ཆེན་པོ་བཞིར་དམིགས་ནས། དམངས་སྲིད་སྡེ་ཚན་གྱིས་རྒན་གསོའི་ཞབས་ཞུ་དང་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི“རྒན་གསོའི་དངུལ”དང“རོགས་སྐྱོབ་དངུལ”ལ་དོ་དམ་ཡག་པོ་བྱས་ཏེ་དམངས་ཕན་སྲིད་ཇུས་ལས་མི་སེར་ལ་དངོས་ཕན་ཐོབ་པ་དང་དྲོ་སྐྱིད་སྦྱིན་ཡོད།

    “དེ་སྔ་མ་མཐའི་འཚོ་བར་འགན་ལེན་གྱི་འགྲོ་ལུགས་གཉེར་བར་ཐེངས་མང་པོ་རྒྱུག་དགོས་པ་མ་ཟད། ད་དུང་ངོ་སྤྲོད་ཡི་གེ་སྣ་ཚོགས་འཁྱེར་དགོས་ཀྱི་ཡོད། ད་ཆ་ལག་ཐོགས་ཁ་པར་མནན་ཙམ་བྱས་ན། ལས་དོན་མི་སྣས་སྒོ་རྩར་ཞིབ་དཔྱད་བྱེད་པར་ཡོང་གི་འདུག དངོས་གནས་སྟབས་བདེ་ལ་དྲོ་སྐྱིད་ལྡན་པ་ཞིག་འདུག”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གྲོང་མི་ནོར་བུ་སྒྲོལ་མས་མྱོང་ཚོར་ཟབ་མོས་བཤད།

    འགྱུར་ལྡོག་དེ་ནི་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་སུ་ཁྱབ་གདལ་བཏང་བའི་རིག་ལྡན་ཅན་གྱི་སྒྱུར་བཅོས་ལས་བྱུང་བ་ཞིག་རེད། དེ་སྔའི་རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་བྱེད་དཀའ་བ་དང་སྟབས་བསྟུན་དོ་དམ་རྗེས་སུ་ལུས་པ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་རིག་ལྡན་རོགས་སྐྱོབ་ལས་སྟེགས་བཏོད་དེ་སྤྱི་ཚོགས་རོགས་སྐྱོབ་རྣམ་གྲངས“ལྷ་ས་ནས་ཚང་མ་བསྒྲུབས་ཐུབ”ཅེས་པའི་སྲིད་དོན་ཞབས་ཞུའི་མཐུད་སྣེ་དང་ཕྱོགས་ཡོངས་ནས་སྦྲེལ་བས་རོགས་སྐྱོབ་ལས་སྒོ“དྲ་ཐོག་ནས་གཉེར་བ་དང་། ལག་ཐོགས་ཁ་པར་ནས་གཉེར་བ། འཕྲལ་དུ་གཉེར་བ”བཅས་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་སློབ་གསོ་དང་། སྨན་བཅོས་འགན་བཅོལ། མི་སྤྱི་སོགས་སྡེ་ཚན་ལ་རང་འགུལ་ངང་འབྲེལ་བ་བྱས་ཏེ་གཞི་གྲངས་ཀྱི་བཀག་རྒྱ་གཏོར་ནས། གཞི་གྲངས་གཤིབ་བསྡུར་མི་ཐེངས་ཁྲི་11.2བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་1.5ལྷག་ཙམ་ལ་ཞིབ་བཤེར་གནད་སྨིན་བྱས་ནས་ནོར་འཁྲུལ་དང་། ཆད་ལུས། ངོ་སྲུང་བཅས་བྱས་ནས་འགན་ལེན་བྱེད་ཁོངས་སུ་འཇུག་པའི་གནད་དོན་གཏན་ནས་མི་ཐོན་པར་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་འོག་དམངས་སྲིད་སྡེ་ཚན་གྱིས་ཞབས་འདེགས་ཡག་པོ་ཞུས་པ་མ་ཟད། རྩ་བའི་ལམ་ལུགས་བཟོ་བའི་ཐོག་དེ་བས་འབད་འབུངས་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་དང་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་གསར་གཏོད་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟ་བྱ་ཡུལ་ཆེན་པོ་གཉིས་ཀྱི་ཆོག་མཆན་ཐོབ་པའི་ལྷ་ས་གྲོང་ཁྱེར་གྱིས་ཆེད་སྤྱོད་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་1113.9རག་ཐབས་བྱས་ནས་གྲོང་ཁྱེར་རིམ་པའི་རྒན་གསོའི་ཕྱོགས་བསྡུས་ལས་སྟེགས་དང་། དེ་བཞིན་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། ད་ཆ་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ཆུ་ཚོད་24ཡི་རིང་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ལས་དོན་ཕྱི་གསལ་ནང་གསལ་གྱིས་སྒྲུབ་པ་ཕྱོགས་ཡོངས་ལ་ཁྱབ་ཡོད།

    བཅོས་སྒྲིག་གི་ཕན་འབྲས་དེ་སྒྲིག་ཆས་རིམ་སྤོར་ལས་མངོན་པ་མ་ཟད་མ་དངུལ་དོ་དམ་ཚད་ལྡན་དང་ཁ་གསལ་ཐོག་ནས་དེ་བས་མངོན་བཞིན་ཡོད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དམངས་སྲིད་སྡེ་ཚན་གྱིས་མ་དངུལ་དོ་དམ་ཚད་ལྡན་དུ་བཏང་ནས་མ་མཐའི་འཚོ་བའི་འགན་ལེན་དངུལ་དང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཁག་གཉིས། ལོ་ན་མཐོ་བའི་ཕོགས་སྣོན་སོགས་དམངས་འཚོའི་མ་དངུལ་སྣ་ཚོགས་སྒོར་ཁྲི་32.71གྲངས་ཚང་ངང་གསབ་སྤྲོད་དང་འདེད་འཇལ་བྱེད་པ་དང་། ཆ་རྐྱེན་དང་མི་མཐུན་པའི་དུད་ཚང་306གི་མི་731གཙར་བཤེར་ཕྱིར་སློག དུད་ཚང་591གི་མ་མཐའི་འཚོ་བ་འགན་ལེན་གྱི་མཐའ་ལུས་མི་དང་མི་གཏོང་ཀ་མེད་ཀྱི་གཏོང་སྒོར་དཀའ་ངལ་ཡོད་པའི་མི་2321འགན་ལེན་ཁྱབ་ཁོངས་ནང་འཇུག་པ་བཅས་ལ་སྐུལ་འདེད་བཏང་བ་རེད། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་དམངས་སྲིད་ཞབས་ཞུའི་ས་ཚིགས་70ལ་བརྟེན་ནས་སྤྱི་ཚོགས་རྩ་འཛུགས་23ནང་འདྲེན་བྱས་ཏེ་དཀའ་ངལ་ཡོད་པའི་བྱིས་པ་དང་། མ་མཐའི་འཚོ་བར་འགན་ལེན་བྱ་ཡུལ། ཁ་ཐོར་ངང་བསྙེན་བཀུར་བྱེད་བཞིན་ཡོད་པའི་མི་སྣ་སོགས་རིགས་9ལ་སྣ་མང་ཅན་དང་རང་གཤིས་ཅན་གྱིས་རོགས་སྐྱོར་བྱས་པས། མི་ཐེངས་ཁྲི་20ལ་ཕན་པ་ཐོབ་སྟེ“མིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མི་འཚོལ་བའི”བར་དངོས་འབྲེལ་འགྱུར་ལྡོག་བྱུང་ཡོད།

    “ལྟ་སྐུལ་བྱེད་པ་ནི་དམིགས་ཡུལ་མ་ཡིན་པར། གནད་དོན་ཐག་གཅོད་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་རྩ་བ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད། ལྟ་སྐུལ་གྱི་སྐུལ་འདེད་འོག་དམངས་སྲིད་སྡེ་ཚན་གྱིས་བཅོས་སྒྲིག་གི“ཆེད་སྒྲུབ་ཚོགས་ཆུང་གཉིས”དང“ཚོང་ཚོགས་གཉིས”ཀྱི་ཞིབ་འཇུག་བརྡར་དཔྱོད་ལམ་སྲོལ་ལག་ལེན་བསྟར་ནས་སྲིད་ཇུས་དོན་འཁྱོལ་དང་། བདེ་འཇགས་དོ་དམ། ཞབས་ཞུ་ཚད་ལྡན་སོགས་ལ་དམིགས་ཏེ་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཏོན་ཡོད་པ་རེད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། རིགས་ཁག་གི་ཉེན་ཁའི་གནད་དོན་40ལ་གྲལ་བཤེར་བྱས་པ་དང་། གནད་དོན་39དག་ཐེར་ལེགས་གྲུབ་བྱུང་ནས། དག་ཐེར་བྱེད་ཚད་97.5%ཟིན་པས། གཅིག་སྡུད་བཅོས་སྒྲིག་གི་ལས་ཀའི་ཕན་འབྲས་ལ་དམངས་སྲིད་པུའུ་དང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འགོ་ཁྲིད་གཙོ་བོའི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།

    “རྒས་དུས་འཚོ་རྟེན་ཡོད་པ”ནས“རྒས་དུས་ཞབས་ཏོག་ཡག་པོ་སྒྲུབ་མཁན་ཡོད་པའི”བར་དང་། “ཉམས་ཆུང་སྐྱོང་མཁན་ཡོད་པ”ནས“ཉམས་ཆུང་མང་པོས་སྐྱོང་བའི”བར་ལྷ་ས་གྲོང་ཁྱེར་གྱིས་སྒྲིག་ཁྲིམས་ནན་པོ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་དམངས་འཚོའི་འགན་ལེན་དྲ་རྒྱ་ཚགས་དམ་དུ་བཏང་ཡོད། ཕུགས་ཕན་ལམ་སྲོལ་རབ་དང་རིམ་པ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག་ལྷ་སའི་མང་ཚོགས་ཀྱིས་དེ་བས་དྲང་གཞག་དང་། དེ་བས་རྒྱུན་མཐུད། དེ་བས་སྙིང་ཉེ་བ་བཅས་ཀྱི་དམངས་འཚོའི་ཞབས་ཞུ་ལོངས་སུ་སྤྱོད་བཞིན་ཡོད་པས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    (ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྩོམ་ཡིག་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།