དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུའི་ལྗང་མདོག་དངུལ་རྩས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-24

    འདི་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ལྗང་མདོག་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་འཚོལ་ཞིབ་བྱས་ནས་དངུལ་རྩའི་ཐོན་ཁུངས་དེ་བས་མང་བ་ཁྱད་ལྡན་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་ཕྱོགས་པ་མ་ཟད། སྐྱེ་ཁམས་འགན་བཅོལ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་དངུལ་རྩས་རྒྱབ་སྐྱོར་བྱས་ཡོད། ཟླ་དང་པོ་ནས་བདུན་པའི་བར། ནག་ཆུ་གྲོང་ཁྱེར་གྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་39.53ཟིན་པ་དེ་དུས་མཚུངས་ལས་57.43%འཕར་ཡོད་པ་རེད།

    གསོ་ཚགས་དུད་ཚང་གི་གཏའ་འཇོག་དངོས་པོ་མི་འདང་བ་དང་མ་དངུལ་བསྡུ་སྒྲིལ་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། དངུལ་རྩའི་སྒྲིག་གཞིས“གྲོང་གསེབ་དར་རྒྱས་ཀྱི་འབྲི་གཡག་ཐོན་ལས་དངུལ་བུན”ཁྱབ་གདལ་བཏང་སྟེ། འབྲི་གཡག་གཏའ་མར་བཞག་པ་དང་། ཉེར་སྤྱོད་ནོར་རྫས་སྤྱད་ནས་མ་དངུལ་བསྡུ་སྒྲིལ་བྱས་པ་མ་ཟད། རྒྱུད་བཟང་གསོ་སྤེལ་དང་། སྐྱེ་ཁམས་གསོ་ཚགས། ཐོན་ལས་འཁོར་འབྲེལ་རིམ་སྤོར་སོགས་ཀྱང་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་ཡོད། ཟླ་དང་པོ་ནས་བདུན་པའི་བར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ནོར་ལུག་གསོ་ཚགས་ཐོན་ལས་ལ་དངུལ་བུན་ཁག་46བཏང་བར། དངུལ་འབོར་སྒོར་དུང་ཕྱུར་1.09ཟིན་ནས། གསོ་ཚགས་ཆེད་ལས་མཉམ་ལས་ཁང་30དང་ཁེར་རྐྱང་འབྲོག་དུད་16ལ་ཕན་པ་ཐོབ་ཡོད།

    དངུལ་རྩའི་ཐོན་ཁུངས་ཀྱང་ནུས་ཁུངས་གཙང་མའི་རྣམ་གྲངས་སུ་མགྱོགས་མྱུར་ཕྱོགས་ཤིང་། སོག་རྫོང་གི་མཛེས་པའི་གཡག་ལ་ཡི་ཀྲའོ་ཝ་60ཟིན་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། དངུལ་རྩའི་སྒྲིག་གཞིས་གློག་རིན་བསྡུ་དབང་རྒྱུ་འཛིན་གཏའ་འཇོག་གི་མ་དངུལ་བསྡུ་སྒྲིལ་བྱ་ཐབས་འཚོལ་ཞིབ་བྱས་ནས། རྣམ་གྲངས་དེར་དངུལ་བུན་སྒོར་དུང་ཕྱུར་3བཏང་སྟེ། འགག་རྩའི་ལྷུ་ལག་ཉོ་སྒྲུབ་དང་ལས་གྲྭ་འཛུགས་སྐྲུན་ཐད་སྤྱད་པ་རེད།

    དངུལ་རྩའི་འགན་ལེན་ཁྱབ་ཁོངས་དེ་རི་སྐྱེས་སྲོག་ཆགས་ཀྱིས་དོན་རྐྱེན་བཟོས་པར་སྐྱིན་གསབ་སྤྲོད་པའི་བར་རྒྱ་སྐྱེད་བཏང་ཡོད། རི་སྐྱེས་སྲོག་ཆགས་ཀྱིས་དོན་རྐྱེན་བཟོས་ནས་ཞིང་འབྲོག་པར་གྱོང་གུན་བཟོས་པར་དམིགས་ཏེ། ནག་ཆུ་གྲོང་ཁྱེར་གྱིས་རི་སྐྱེས་སྲོག་ཆགས་ཀྱིས་དོན་རྐྱེན་བཟོས་པའི་ཁ་གསབ་འགན་བཅོལ་ཁྱབ་གདལ་བཏང་ནས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་རིམ་པ་དབྱེ་ནས་འགན་བཅོལ་དངུལ་སྤྲོད་དགོས་པ་དང་ཞིང་འབྲོག་པས་འགན་བཅོལ་དངུལ་འཇལ་མི་དགོས་པར་འགན་བཅོལ་ནང་ཞུགས་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།