ཧྭ་གློག་བོད་ལྗོངས་DGཆུ་ཤུགས་གློག་ཁང་ལ་ཀྲུང་གོ་ཨར་ལས་བཟོ་སྐྲུན་གྱི་ཀྲན་ཐེན་ཡིའུ་བྱ་དགའ་ཐོབ་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་གོ་ཨར་ལས་བཟོ་སྐྲུན་གྱི་ཀྲན་ཐེན་ཡིའུ་བྱ་དགའ་སྐབས་ཉེར་གཅིག་པ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཧྭ་གློག་བོད་ལྗོངས་DGཆུ་ཤུགས་གློག་ཁང་ལས་གྲྭ་མང་པོའི་ཁྲོད་ནས་གཟེངས་སུ་ཐོན་ཏེ་བྱ་དགའ་དེ་ཐོབ་པ་རེད། དེ་ནི་གློག་ཁང་དེར་2023ལོར་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྤུས་ལེགས་ལས་གྲྭའི་གསེར་གྱི་བྱ་དགའ་ཐོག་མ་ཐོབ་རྗེས་སླར་ཡང་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ་ཞིག་རེད། མིག་སྔའི་བར་གློག་ཁང་དེར་རིམ་རྩིས་བརྒྱབ་ན་དབང་བསྐུར་ཁེ་བེད་བདག་ཐོབ་ཁག་163ཐོབ་པ་དང་ཚན་རྩལ་གྲུབ་འབྲས་ཁག་9ལ་གསལ་འབྱེད་བྱས་པ་བརྒྱུད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།
ཀྲུང་གོ་ཨར་ལས་བཟོ་སྐྲུན་གྱི་ཀྲན་ཐེན་ཡིའུ་བྱ་དགའ་ནི་ཀྲུང་གོ་ཨར་ལས་བཟོ་སྐྲུན་རིག་གཞུང་ལྷན་ཚོགས་དང་པེ་ཅིང་ཀྲན་ཐེན་ཡིའུ་ཨར་ལས་བཟོ་སྐྲུན་ཚན་རིག་ལག་རྩལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་1999ལོར་བཙུགས་པ་དང་དེའི་དམིགས་ཡུལ་ནི་ཚན་རྩལ་གསར་གཏོད་དང་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པའི་ཨར་ལས་བཟོ་སྐྲུན་རྣམ་གྲངས་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་དེ་ཡིན་པས་ཨར་ལས་བཟོ་སྐྲུན་ཁྱབ་ཁོངས་ཀྱི“ཨའོ་སི་ཁ་བྱ་དགའ”ཞེས་འབོད་ཀྱི་ཡོད། ཧྭ་གློག་བོད་ལྗོངས་DGཆུ་ཤུགས་གློག་ཁང་ལ་ད་ཐེངས་བྱ་དགའ་ཐོབ་པ་དེ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་རྒྱུན་མཐུད་ལག་རྩལ་ལ་འགག་སྒྲོལ་དང་སྐྱེ་ཁམས་ལག་ལེན་དང་ཁ་འབྲལ་ཐབས་མེད། ཧྭ་གློག་བོད་ལྗོངས་DGཆུ་ཤུགས་གློག་ཁང་གི་སྤྱིའི་གློག་འདོན་ཤུགས་ཆན་ཝ་ཁྲི་66ཟིན་པ་དང་། མནན་བཅག་ཨར་འདམ་ཆུ་རགས་དང་། རགས་རྒྱབ་རྣམ་པའི་གློག་ཁང་། སྐྱེ་ཁམས་ཉ་ལམ་སོགས་ལས་གྲུབ་ཡོད། 2021ལོར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཆ་ཚང་ནས་སྤུས་ཚད་མཐོ་པོས་གློག་གཏོང་འགོ་ཚུགས་ཏེ“ལོ་གཅིག་ལ་མ་དངུལ་ཐེངས་བཞི་གཏོང་བ་དང་ལོ་དེ་རང་ལ་མ་དངུལ་ཆ་ཚང་གཏོང་བའི”རྒྱལ་ནང་གི་ས་བབ་མཐོ་བའི་ཆུ་ཤུགས་གློག་ཁང་ཆེ་གྲས་ནས་གློག་གཏོང་བའི་མྱུར་ཚད་གསར་པ་བཏོད་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་100ལས་བརྒལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།