སེམས་པ་འཕྲེང་ས་མཚོ་སྔོན་སྟོང་སྐོར་ཡིན།
—— ཨ་རིའི་ཁྱིམ་ཚང་ཞིག་དང་ཀྲུང་གོའི་མཚོ་སྔོན་དབར་གྱི་ལོ་བརྒྱའི་ལས་འབྲེལ།

འདི་ནི་བརྙན་ལམ་སྦྲེལ་སྐབས་ཝང་ཧྲི་ཁང(གཡས)གིས་དེ་སྔ་པའེ་ཏ་ཝེ་ཡིས་སྟོང་སྐོར་རྫོང་མི་དམངས་སྨན་ཁང་ལ་ཞལ་འདེབས་ཕུལ་བའི་CTའཕྲུལ་ཆས་སྟོན་བཞིན་པ།

འདི་ནི་ཧོང་ཅུང་སོགས་ཀྱིས་བརྙན་ལམ་བརྒྱུད་པའེ་ཏ་ཝེ་དང་སྐད་ཆ་ཤོད་བཞིན་པ། སྟོང་སྐོར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་པར་རིས་མཁོ་འདོན་བྱས།
ཟླ་9ཚེས་10ཉིན། ལོ་95ལ་སླེབས་པའི་པའེ་ཏ་ཝེ་ཡིས་ཁྱིམ་དུ《རྗེས་ཤུལ》ཞེས་པའི་པར་དེབ་ལ་ལྟ་བཞིན་ཡོད་པ་དང་། 1942ལོའི་མཚོ་སྔོན་སྟོང་སྐོར་གནའ་གྲོང་གི་ཡུལ་ལྗོངས་ཧྲིལ་པོའི་པར་ཞིག་ནང་ཕྲུ་གུ་6རི་ལྡེབས་སུ་ལངས་ནས་ཡོད། “འདི་ང་རེད། སྐབས་དེ་དུས་ལོ་བཅུ་ཙམ་རེད། ང་ནམ་ཡང་སྟོང་སྐོར་གྱི་བྱིས་པ་ཡིན”ཞེས་པའེ་ཏ་ཝེ་ཡིས་པར་དེར་མཛུབ་མོ་བཙུགས་ནས་སྟོང་སྐོར་གྱི་ཡུལ་སྐད་གཙང་གཙང་བརྒྱབ་སྟེ་བརྙན་ལམ་བརྒྱུད་ནས་བཤད།
བརྙན་ལམ་བརྒྱུད་ཁོང་དང་སྐད་ཆ་ཤོད་བཞིན་པའི་མཚོ་སྔོན་སྟོང་སྐོར་རྫོང་མི་དམངས་སྨན་ཁང་གི་དེ་སྔའི་ཡོན་ཀྲང་ཝང་ཧྲི་ཁང་གིས“གཅེན་པོ་ཏ་ཝེ་ལགས། ཁྱེད་ལ་ལུག་ཤ་བཙོས་མ་གྲ་སྒྲིག་བྱས་ཡོད”ཅེས་བཤད། པའེ་ཏ་ཝེ་སེམས་འགུལ་ཆེན་པོ་ཐེབས་ཏེ་མིག་ནང་མཆི་ཞག་འཁོར་བཞིན“ང་ཁྱེད་ཚོ་དྲན་གྱི་འདུག”ཅེས་བཤད།
ཉིའུ་གཡོད་དུ་སྐྱེས་པའི་ཨ་རི་བ་ཞིག་སྟོང་སྐོར་དུ་སྐད་གྲགས་ཆོད་པ་དང་དེའི་གཏམ་རྒྱུད་སྟོང་སྐོར་བས་བྱིས་གླུར་ལེན་དོན་ཅི་ཡིན་ནམ་ཞེ་ན། དེ་དུས་རབས་གཅིག་བརྒལ་བའི་ཨ་རི་བ་མི་རབས་གཉིས་དང་ཀྲུང་གོའི་དབར་གྱི་ལས་འབྲེལ་ནས་གླེང་དགོས།
གཅིག
1932ལོར་པའེ་ཏ་ཝེ་ལོ་གཅིག་སླེབས་མ་ཐག་པའི་སྐབས་ཕ་པའེ་ལི་མེ་དང་མཉམ་དུ་ས་ཐག་རིང་པོ་འགྲིམས་ནས་ཀྲུང་གོའི་ནུབ་བྱང་གི་མཚོ་སྔོན་སྟོང་སྐོར་དུ་ཡོང་ཡོད། པའེ་ལི་མེ་1908ལོར་ཀྲུང་གོར་ཡོང་ནས་ཀན་སུའུ་དང་མཚོ་སྔོན་སོགས་སུ་བསྡད་མྱོང་བ་མ་ཟད་སྟོང་སྐོར་དུ་གཞིས་ཆགས།
སྟོང་སྐོར་བས་པའེ་ལི་མེ་ཡུལ་དེ་གའི་མིར་བརྩི་གི་ཡོད། ཁོང་གཤིས་རྒྱུད་འཇམ་ལ་ཟོལ་བ་མེད་པ་དང་། ས་གནས་དེ་གའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་རྒྱ་སྐད་དང་བོད་སྐད་སྦྱོང་བ། བྱང་ཆུབ་པའི་ཕྱི་ལུགས་གསོ་རིག་གི་ཤེས་བྱར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་རིན་མེད་སྨན་བཅོས་བྱེད་ཀྱི་ཡོད།
པའེ་ཏ་ཝེ་ཆུང་དུས་ནས་ལོ་བཅུ་གྲངས་མང་པོ་སྟོང་སྐོར་དུ་འཚོ་བ་བསྐྱལ་བས། ཡུལ་འདིར་རྒྱུས་མངའ་ཆེན་པོ་ཡོད། ཕྱིས་སུ་པའེ་ཏ་ཝེ་ནང་མི་དང་མཉམ་དུ་མི་འདོད་བཞིན་དུ་སྟོང་སྐོར་ནས་བྲལ་དགོས་བྱུང་བ་དང་། དེ་རྗེས་ཁོང་སྔ་རྗེས་སུ་ཀྲུང་གོའི་ཤང་ཀང་སོགས་སུ་ལོ་30ལྷག་ཙམ་འཚོ་བ་བསྐྱལ་བ་དང་མཐར་ཨ་རིའི་སྨི་སུའུ་ལི་ཀྲོའུ་རུ་གཞིས་ཆགས།
གཉིས།
1987ལོར། ཁ་གྱེས་ནས་ལོ་38སོང་རྗེས་པའེ་ཏ་ཝེ་སླར་ཡང་སྟོང་སྐོར་དུ་ཡོང་ཞིང་། གསར་འགོད་པས་པའེ་ཏ་ཝེ་ལ་སྟོང་སྐོར་དུ་ལོག་པའི་མྱོང་ཚོར་འདྲི་སྐབས། པའེ་ཏ་ཝེ་ཡིས“ལོ་བཞི་བཅུ་ལ་ཉེ་བའི་རིང་ཕ་ཡུལ་དང་གཉེན་ཉེ་ཧ་ཅང་དྲན་བྱུང”ཞེས་བཤད།
ཁོང་དང་བྱིས་དུས་ཀྱི་གྲོགས་པོ་ཆིན་ཚེ་ཀྲེ་འཕྲད་སྐབས་གཉིས་ཀ་སེམས་འགུལ་ཆེན་པོ་ཐེབས། པའེ་ཏ་ཝེ་དེ་སྔ་རང་ཉིད་བསྡད་མྱོང་བའི་ཁང་པ་རྙིང་པའི་ནང་དུ་འཛུལ་སྐབས་མིག་ཆུ་དབང་མེད་དུ་ཤོར་བ་དང་། སྐབས་དེ་དུས་ཀྱི་ཁྱིམ་མཚེས་དང་གྲོགས་པོ་རྣམས་འཕྲད་པ་དང་ཡིད་ལ་ཡང་ཡང་འཁོར་བའི་སྲང་ལམ་མཐོང་སྐབས་ཕ་ཡུལ་ཆེད་དུ་བྱ་བ་མང་ཙམ་བསྒྲུབ་རྒྱུའི་སེམས་ཐག་བཅད།
1989ལོའི་ཟླ་3པར། ཁོང་དང་གཅུང་མོ་མེ་ཨན་གྱིས་ཤང་ཀང་ནས་ཀང་ལོར་སྒོར་ཁྲི་15བཏང་ནས་སྐབས་དེ་དུས་རྫོང་རིམ་པའི་སྨན་ཁང་དུ་དཀོན་ཤོས་ཀྱི་Bསྒྲ་རླབས་བརྟག་དཔྱད་ཡོ་ཆས་ཤིག་ཉོས། སྐབས་དེ་དུས་མྱུར་སྐྱེལ་དང་ཟོག་འགྲེམས་སོགས་མེད་སྟབས་པའེ་ཏ་ཝེ་ཡིས་འཕྲུལ་འཁོར་འཁྱེར་ནས་གནམ་གྲུར་བསྡད་དེ་ཤང་ཀང་ནས་ཤིས་ཨན་དུ་བསྐྱོད་པ་དང་དེ་ནས་སྟོང་སྐོར་དུ་ཡོང་བ་རེད།
ཉིན་དེ་ནས་བཟུང་ཁོང་གིས་རོགས་སྐྱོར་བྱེད་མཚམས་འཇོག་མྱོང་མེད།
1988ལོ་ནས་བཟུང་ཝང་ཧྲི་ཁང་དང་པའེ་ཏ་ཝེ་དབར་འབྲེལ་བ་བྱེད་འགོ་ཚུགས་ཤིང་། ཁོང་གཉིས་ཕན་ཚུན་འཕྲིན་ཡིག་བཅུ་ཕྲག་མང་པོ་བསྐུར་བ་དང་རིམ་བཞིན་བློ་ཁ་མཐུན་པའི་གྲོགས་པོར་གྱུར། དེ་རྗེས་ཀྱི་ལོ་30ལྷག་ཙམ་རིང་པའེ་ཏ་ཝེ་ཡིས་ཨ་རི་དང་སྟོང་སྐོར་བར་ཕར་འགྲོ་ཚུར་འོང་ཐེངས་20ལྷག་ཙམ་བྱས། ཝང་ཧྲི་ཁང་ལ་བྲིས་པའི་འཕྲིན་ཡིག་ནང་པའེ་ཏ་ཝེ་ཡིས“ངར་བཅོལ་དངུལ་ཨ་སྒོར་8000ལྷག་ཙམ་ཡོད། རང་ཉིད་ལ་དགོས་གལ་དེ་ཙམ་མེད་པས་སྨན་ཁང་ལ་ཞལ་འདེབས་བརྒྱབ་ནས་དགོས་མཁོ་ཡོད་སར་སྤྱད་ན་དགའ་སྙམ་གྱི་འདུག”ཅེས་བཤད། ཝང་ཧྲི་ཁང་གིས“ཁོང་གི་འཚོ་བའང་ཕྱུག་པོ་དེ་ཙམ་མེད། དེ་དག་ནི་ཁོང་གིས་གྲོགས་པོ་དང་ཐེབས་རྩ་ལྷན་ཚོགས་སོགས་ཕྱོགས་མང་པོ་ནས་ཞལ་འདེབས་སློང་བ་ཤ་སྟག་རེད། ཁོང་གིས་ཚང་མ་སྟོང་སྐོར་ལ་བཏང་ཡོད”ཅེས་བཤད།
1999ལོར། པའེ་ཏ་ཝེ་ཡིས་སྟོང་སྐོར་རྫོང་སྨན་ཁང་ལ་ཨ་སྒོར་ཁྲི་35རི་བའི་CTའཕྲུལ་ཆས་ཤིག་མངགས་ཉོ་བྱས་པ་དང་སྐབས་དེ་དུས་གོང་ཆེ་ལ་ཧ་ཅང་དཀོན་པོ་ཡོད། 2000ལོའི་ཟླ་6པར། CTའཕྲུལ་ཆས་སྟོང་སྐོར་དུ་འབྱོར། སྟོང་སྐོར་རྫོང་མི་དམངས་སྨན་ཁང་དེ་ཉིད་སྐབས་དེ་དུས་མཚོ་སྔོན་ཞིང་ཆེན་གྱི་CTའཕྲུལ་ཆས་ཡོད་པའི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་ཉུང་ཤས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
སྟོང་སྐོར་རྫོང་འཕྲོད་བསྟེན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ལི་ལིན་གྱིས། ཐེངས་ཤིག་པའེ་ཏ་ཝེ་དང་མཉམ་དུ་གཤམ་སྐྱོད་བྱེད་སྐབས་ཤང་གྲོང་འཕྲོད་བསྟེན་ཁང་ཁ་ཤས་ལ་ལྟ་བར་ཕྱིན་པ་ཡིན། “སྐབས་དེ་དུས་ཤང་གྲོང་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ཞན་པས་མང་ཚོགས་ལ་ནད་ཕྲན་བུ་ཕོག་ཀྱང་རྫོང་དང་ཐ་ན་གྲོང་ཁྱེར་དུ་ལྟ་བར་འགྲོ་དགོས་ཀྱི་ཡོད་སྟབས། ལམ་ཐག་རིང་བ་མ་ཟད་འགྲོ་སོང་ཡང་ཆེན་པོ་ཡོད། པའེ་ཏ་ཝེ་ཡིས་གནས་ཚུལ་རྟོགས་རྗེས་སེམས་སྡུག་བྱུང་བ་དང་འཕྲལ་མར་ཨ་སྒོར་ཁྲི་1གྲབས་གསོག་བྱས་ཏེ་Bསྒྲ་རླབས་འཕྲུལ་ཆས་4ཉོས་ནས་ཤང་གྲོང་འཕྲོད་བསྟེན་ཁང་4ལ་བགོས་པ་རེད”ཅེས་བཤད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། པའེ་ཏ་ཝེ་དང་ཁོང་གི་ནང་མི་དང་གྲོགས་པོ་ཚོས་སྟོང་སྐོར་ལ་ཞལ་འདེབས་ཕུལ་བའི་སྨན་བཅོས་ཡོ་བྱད་ཀྱི་རིན་ཐང་མི་དམངས་ཤོག་སྒོར་ཁྲི་600ལྷག་ཙམ་ཟིན་ཞིང་། སྒྲིག་ཆས་གསལ་ཐོའི་ནང་Bསྒྲ་རླབས་དང་། ཕོ་ཤེལ། སྙིང་འཕར་ལྟ་སྐྱོང་དཔྱད་ཆས། རང་འགུལ་ཁྲག་རིལ་རྩིས་ཆས། ཚོར་སྦྲིད་འཕྲུལ་ཆས་སོགས་ཡོད།
བརྙན་ལམ་ནང་གསར་འགོད་པས་པའེ་ཏ་ཝེ་ལ“ཁྱེད་ཀྱིས་ད་བར་རྒྱུན་མ་ཆད་པར་རོགས་སྐྱོར་བྱེད་དགོས་དོན་གང་ཡིན་ནམ”ཞེས་དྲིས་པར།
པའེ་ཏ་ཝེ་ཡིས“སེམས་ནང་དེ་ངེས་པར་དུ་སྒྲུབ་དགོས་པ་ཞིག་རེད་སྙམ་གྱི་འདུག འདི་གའི་མང་ཚོགས་ཚང་མ་ངའི་ནང་མི་ཡིན། མི་ལ་ལས་ངས་ཕ་ཡུལ་ལ་ལེགས་སྐྱེས་ཆེན་པོ་ཕུལ་སོང་ཞེས་བརྗོད་མོད། ངའི་ངོས་ནས་བཤད་ན་ཕ་ཡུལ་ཆེད་སྒྲུབ་པའི་དོན་དག་ནི་ལེགས་སྐྱེས་འབུལ་བ་ཞིག་མིན་པར་དེ་ནི་ང་ཚོའི་འོས་འགན་རེད། དེ་ལྟར་མ་བྱས་ན་འགྲིག་གི་མ་རེད། དེ་འདྲ་བྱེད་པ་ནི་ལུགས་དང་མཐུན་པ་ཞིག་རེད”ཅེས་བཤད།
གསུམ།
པའེ་ཏ་ཝེ་ཡིས་སྟོང་སྐོར་རྫོང་ལ་སྨན་བཅོས་སྒྲིག་ཆས་ཞལ་འདེབས་ཕུལ་བ་ཙམ་ག་ལ་ཡིན།
པའེ་ཏ་ཝེ་ཡིས། ངས་སྟོང་སྐོར་དུ་བློ་སྒོ་འབྱེད་པའི་སློབ་གསོ་དང་ལེན་བྱས་པས་ཤེས་བྱ་དེ་ས་མཐོའི་ཕྲུ་གུར་དོན་སྙིང་ཆེན་པོ་ལྡན་པ་གསལ་པོ་ཤེས་ཀྱི་ཡོད་ཅེས་བཤད་ཅིང་། ཁོང་གིས་ཕྱོགས་མང་པོ་དང་འབྲེལ་མཐུད་བྱས་ནས་ཕྱི་རྒྱལ་གྱི་དགེ་རྒན་སྟོང་སྐོར་གྱི་སློབ་གྲྭ་ཆུང་འབྲིང་དུ་དབྱིན་ཡིག་དགེ་རྒན་གསོ་སྐྱོང་བྱེད་པར་གདན་དྲངས། 2011ལོར། ཕྱི་རྒྱལ་གྱི་དགེ་རྒན་ཝང་ཏེ་པའོ་དང་ཝང་སི་ཧྥེ་གཉིས་སྟོང་སྐོར་རྫོང་སློབ་འབྲིང་དང་པོར་ཡོང་བ་དང་། ལོ་མང་པོ་དེ་གར་བསྡད་ནས་དགེ་རྒན་ཚོར་དབྱིན་ཡིག་ཡིག་འབྲུ་རེ་རེ་བཞིན་བསླབས་པས། ཕྲུ་གུ་ཚོ་དབྱིན་ཡིག་ཀློག་མི་ནུས་པ་ནས་ནམ་རྒྱུན་གྱི་ཁ་བརྡ་ཐུབ་པ་དང་། དབྱིན་སྐད་ཡག་པོ་རྒྱག་མི་ཐུབ་པ་ནས་བྱང་ཆུབ་པར་གྱུར་ཡོད།
པའེ་ལི་མེ་ནི་ཕུལ་དུ་བྱུང་བའི་པར་རྒྱག་མཁས་ཅན་ཞིག་ཡིན་ཞིང་། ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས་བཅས་ཀྱི་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པའི་པར་བརྒྱ་ཕྲག་ཁ་ཤས་བརྒྱབ་ནས་ས་གནས་དེ་གར་རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་མཁོ་འདོན་བྱས་ཡོད། པའེ་ཏ་ཝེ་ཡིས་པ་ཕས་བརྒྱབ་པའི་རྩ་ཆེའི་འདྲ་པར་རྙིང་པ་བརྒྱ་ལྷག་ཙམ་སྟོང་སྐོར་རྫོང་ལ་ཞལ་འདེབས་ཕུལ་བ་དང་། སྟོང་སྐོར་རྫོང་གིས་འདྲ་པར་དེ་དག་རྨང་གཞིར་བྱས་ཏེ་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ནས《རྗེས་ཤུལ》ཞེས་པའི་པར་དེབ་རྩོམ་སྒྲིག་པར་སྐྲུན་བྱས་པ་རེད། པར་དེབ་དེ་རྒྱལ་ཁབ་ཀྱི་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ནང་བཅུག་ནས་སྟོང་སྐོར་རྫོང་གི་ལོ་རྒྱུས་པར་རིས་ཡིག་ཚགས་ཀྱི་སྟོང་ཆ་བསྐངས་ཡོད། ཨ་རི་བ་ཞིག་གིས་བརྙན་ཤེལ་བརྒྱུད་ཀྲུང་གོའི་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཆུང་ངུ་དེའི་ལོ་བརྒྱའི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད།
ས་གཞི་དེའི་སྟེང་ད་དུང་འདྲ་པར་ལས་གཏིང་ཟབ་པའི་དན་རྟགས་ཡོད་དེ། 1927ལོར། པའེ་ལི་མེ་ཡི་བཟའ་ཟླ་དང་པོ་དང་བུ་གཡོད་ཧན་ལྷ་འབྲུམ་ནད་ཀྱི་རྐྱེན་པས་སྟོང་སྐོར་དུ་ཚེ་ལས་འདས་པ་དང་། སྟོང་སྐོར་གྲོང་བྱང་གི་རི་ལྡེབས་སུ་པུར་འཇུག་བྱས། 2016ལོར། པའེ་ཏ་ཝེ་ཡི་གཅུང་མོ་མེ་ཨན་ཁ་ན་ཏར་གྲོངས་པ་དང་། གྲོངས་ཁར་སྤུར་ཐལ་སྟོང་སྐོར་དུ་སྐྱེལ་རྒྱུའི་ཁ་ཆེམས་བཞག ནང་མིས་ཁ་ཆེམས་གཞིར་བཟུང་སྤུར་ཐལ་སྟོང་སྐོར་དུ་ཁྱེར་ཡོང་།
བརྙན་ལམ་སྦྲེལ་སྐབས་གསར་འགོད་པས་པའེ་ཏ་ཝེ་ལ་ལོ་དེ་དག་རིང་སྟོང་སྐོར་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་དུར་སར་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། དེའི་འགྲམ་དུ་ད་དུང་ལྗོན་ཤིང་ཞིག་སྐྱེས་འདུག “ལྗོན་ཤིང་དེ་ནི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་མཛའ་གྲོགས་ཀྱི་དཔང་པོ་ཞིག་ཏུ་གྱུར་ནས་སྟོང་སྐོར་མི་དམངས་དང་ཁྱེད་ཀྱི་མཛའ་བརྩེ་ཟབ་མོ་མཚོན་གྱི་ཡོད། ལྗོན་ཤིང་དེ་སྐྱེ་འཚར་ཡག་པོ་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་བཤད་པ་དང་། པའེ་ཏ་ཝེ་ཡིས་ཉན་རྗེས“སྟོང་སྐོར་མི་དམངས་ཀྱིས་དུར་སར་བདག་སྐྱོང་ཡག་པོ་དེ་འདྲ་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། དངོས་གནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་མགྲིན་པ་རྣོང་བཞིན་བཤད།
དབྱར་དུས་རི་ལྡེབས་དེར་རི་སྐྱེས་མེ་ཏོག་ལྷུག་པོར་བཞད་པ་དང་རྩྭ་ལྗང་རབ་ཏུ་རྒྱས་ཤིང་། གཉེན་ཉེ་རྣམས་ཀྱི་ལུས་ཕུང་ནམ་ཡང་སྟོང་སྐོར་ཡུལ་གྱི་ས་གཞིར་འཐིམས།
1998ལོར། སྟོང་སྐོར་རྫོང་མི་དམངས་སྲིད་གཞུང་གིས་པའེ་ཏ་ཝེ་ལ“སྟོང་སྐོར་རྫོང་གི་གཟི་བརྗིད་སྤྱི་དམངས”ཀྱི་མཚན་སྙན་སྤྲད་པ་དང་། 2003ལོར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁོང་ལ“མཚོ་སྔོན་ཞིང་ཆེན་གྱི་གཟི་བརྗིད་སྤྱི་དམངས”ཀྱི་མཚན་སྙན་སྤྲད་པ་རེད། 2013ལོར། སྟོང་སྐོར་རྫོང་གིས་སྐབས་དང་པོའི“སྟོང་སྐོར་བ་ཡག་ཤོས”ཀྱི་དཔྱད་འདེམས་བྱས་པ་དང་། པའེ་ཏ་ཝེ་འདེམས་ཤོག་མང་པོའི་ཐོག་ནས་རྒྱལ་ཁོངས་གཞན་གྱི“སྟོང་སྐོར་བ་ཡག་ཤོས”ཐོག་མར་བདམས་ཐོན་བྱུང་བ་རེད།
ད་ཆ། ལོ་95ལ་སླེབས་པའི་པའེ་ཏ་ཝེ་གཟུགས་པོའི་རྐྱེན་གྱིས་སྟོང་སྐོར་དུ་ལོག་ཐབས་བྲལ། ཁོང་ལ་ལྒང་པའི་སྐྲན་ནད་ཕོག་པ་མ་ཟད་མིག་གིས་ཀྱང་གསལ་པོ་མཐོང་གི་མེད། འོན་ཀྱང་སྟོང་སྐོར་གྱི་གྲོགས་པོ་ཚོ་དང་ཁ་པར་རྒྱག་ཐེངས་རེར་ཁོང་གིས་སྔར་བཞིན་སྟོང་སྐོར་གྱི་ཡུལ་སྐད་གཙང་གཙང་ཞིག་རྒྱག་གི་ཡོད།
སྟོང་སྐོར་རྫོང་མི་དམངས་སྨན་ཁང་དུ། པའེ་ཏ་ཝེ་ཡི་གཏམ་རྒྱུད་སྨན་ཁང་གི་ལོ་རྒྱུས་ནང་བྲིས་ཡོད་ཅིང་། སྟོང་སྐོར་རྫོང་མི་དམངས་སྨན་ཁང་གི་ད་ལྟའི་ཡོན་ཀྲང་ཧོང་ཅུང་གིས། ལས་མི་གསར་པ་ལས་ཀར་ཞུགས་པའི་སློབ་ཚན་དང་པོ་ནི་པའེ་ཏ་ཝེ་ཡི་གཏམ་རྒྱུད་ཉན་རྒྱུ་དེ་རེད་ཅེས་བཤད།
བརྙན་ལམ་མཇུག་འགྲིལ་མཚམས་སུ་གསར་འགོད་པས་པའེ་ཏ་ཝེ་ལ། གལ་ཏེ་ད་ལྟ་སྟོང་སྐོར་གྱི་ཡུལ་མི་སྤུན་ཟླ་རྣམས་ལ་སྐད་ཆ་ཚིག་གཅིག་བཤད་ན་ཁྱེད་ཀྱིས་ཅི་ཞིག་བཤད་འདོད་འདུག་གམ་ཞེས་འདྲི་སྐབས། པའེ་ཏ་ཝེ་ཡིས་བརྙན་ལམ་བརྒྱུད“ཁྱེད་རྣམས་ནམ་ཡང་ངའི་སེམས་ནང་ཡོད། ངས་ནམ་ཡང་ཁྱེད་རྣམས་བརྗེད་པ་མི་འདུག ཁྱེད་རྣམས་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་གི་ཡིན། ང་མ་བརྗེད་པ་གནང་རོགས། ངས་ནམ་ཡང་ཁྱེད་རྣམས་བརྗེད་པ་མི་འདུག”ཅེས་བཤད།
1908ལོར་པའེ་ལི་མེ་ཀྲུང་གོར་སླེབས་པ་ནས་2026ལོར་པའེ་ཏ་ཝེ་བརྙན་ལམ་བརྒྱུད་ཕ་ཡུལ་སྟོང་སྐོར་དུ“ལོག་པའི”བར། དུས་རབས་གཅིག་ལྷག་ཙམ་རིང་མི་རབས་གཉིས་ཀྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་ཕ་ཡུལ་གྱི་དྲན་པ་ནི་ཐོག་མཐའ་བར་གསུམ་དུ་མཚམས་ཆད་མྱོང་མེད།
འབྲེལ་ཡོད་གསར་འགྱུར།