དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གྲོང་ཚོ་གཅིག་འཕེལ་རྒྱས”འགྲོ་བ་ནས“ཡུག་ཁུལ་དར་རྒྱས”འགྲོ་བའི་ཕྱོགས་སུ་སྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཁྲའོ།   |     སྤེལ་དུས།  2026-09-23


    འདི་ནི་ཧྲ་ཀྲོའུ་གྲོང་ཚོར་གནས་པའི“ཕོ་ཁེབས་ཕྱེད་ཀའི་དྲོ་སྐྱིད”ཀྱི་ཆེད་དོན་བཤམས་སྟོན་ཁང་དུ་འགྲེལ་བཤད་པས་ཡུལ་སྐོར་བར་ལོ་རྒྱུས་འགྲེལ་བཤད་རྒྱག་བཞིན་པ།

    1934ལོའི་ཟླ་11པར། དམར་དམག་རྒྱང་སྐྱོད་བྱེད་སྐབས་ཧུའུ་ནན་ཁྲེན་ཀྲོའུ་གྲོང་ཁྱེར་རུའུ་ཁྲེང་རྫོང་ཝུན་མིང་ཡའོ་རིགས་ཤང་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོ་བརྒྱུད་དུས། དམར་དམག་བུད་མེད་འཐབ་འཛིང་པ་གསུམ་ཡུལ་མི་ཞུས་ཅེ་ཤིའུ་ཡི་ཁྱིམ་དུ་གནས་ཚང་གཡར་ནས་བསྡད། ཐོན་ཁར་ཁོང་ཚོའི་ཕོ་ཁེབས་གཅིག་ལས་མེད་པ་དེ་ཕྱེད་ཀ་དྲས་ནས་མི་སེར་ལ་སྤྲད། དུས་དེ་ནས་བཟུང་ཕོ་ཁེབས་ཕྱེད་ཀ་ཞེས་པའི་གཏམ་རྒྱུད་ད་བར་གྲགས། ཉེ་ཆར་གསར་འགོད་པ་ཧྲ་ཀྲོའུ་གྲོང་ཚོར་སྐྱོད་སྐབས་ས་གནས་དེ་གར་ཁྲེན་ཀྲོའུ་གྲོང་ཁྱེར་གྱིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་གོམ་བགྲོད་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་ཏག་ཏག་ཁེལ་ཡོད།

    མི་ཚོགས་དང་མཉམ་དུ་རྐང་ཐང་ལམ་དང་ཐོན་ལས་ལམ་ནས་བསྐྱོད་མཐར་ཧྲ་ཀྲོའུ་གྲོང་ཚོ་ནས་ཐོན། ཁྱིམ་མཚེས་ཀྱི་ཝུན་ཧྲི་གྲོང་ཚོར་ཡའོ་རིགས་ཀྱི་གྲོང་སྡེའི་གྱང་ངོས་སུ“ཧྲ་ཀྲོའུ་རུ་ཁྱེད་བསྒུགས་ནས་ཡོད”ཅེས་པའི་སྦྱར་ཡིག་ལ་མེ་ཏོག་གིས་ཡོངས་སུ་བསྐོར་འདུག ཧྲ་ཀྲོའུ་ཡི་མིང་དེ་ཝུན་ཧྲི་གྲོང་ཚོར་མངོན་དོན་ཅི་ཡིན་ནམ།

    “ད་ཆ་ཚང་མས‘ཧྲ་ཀྲོའུ་ཆེན་པོ’ཞེས་འབོད་ཀྱི་ཡོད”ཅེས་ཝུན་ཧྲི་གྲོང་ཚོའི་ལས་བྱེད་པ་ལུའོ་ཁའེ་མིང་གིས་འཛུམ་དམུལ་དམུལ་ངང་ལན་བཏབ། 2023ལོ་ནས་བཟུང་ས་གནས་དེས་ཧྲ་ཀྲོའུ་མཐའ་འཁོར་གྱི“གྲོང་ཚོ་བཅུ་དང་སྡེ་ཁུལ་གཅིག”མཉམ་འགུལ་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་མཐའ་ཚད་བརྟན་སྲུང་དང་། ཐོན་ལས་སྐྱོང་གསོ། འབབ་འཕར་ཕྱུག་འགྱུར། ཁོར་ཡུག་ལེགས་གཏོང་། རྨང་གཞི་རིམ་སྤོར། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ལས་གྲྭ་ཆེན་པོ་དྲུག་ལག་བསྟར་བྱས་ཏེ་ཧྲ་ཀྲོའུ་མཐའ་འཁོར་གྱི་གྲོང་གསེབ་དར་རྒྱས་ཀྱི་ཐུན་མོང་འབྱོར་ཕྱུག་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས་པ་རེད།

    སྐུལ་ཁྲིད་བྱེད་པར་ཐོག་མར་མི་རྣམས་ཀྱི་དགའ་བསུ་ཐོབ་དགོས།

    ད་ལོའི“ལྔ་གཅིག”གུང་གསེང་རིང་། ཝུན་ཧྲི་ཡའོ་རིགས་གྲོང་སྡེས་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། ཧྲ་ཀྲོའུ་སྐད་གྲགས་ཆོད་པ་དང་བསྟུན་ནས་ཉེ་འགྲམ་གྱི་ཝུན་ཧྲིའི་དམངས་སྲོལ་གནས་ཚང་ཆར་རྗེས་ཀྱི་མྱུ་གུ་འབུད་པ་བཞིན་མང་པོ་གཉེར་ཡོད། ཡའོ་རིགས་གྲོང་སྡེའི་གང་སར་སྲན་ཕྱུར་གྱི་དྲི་ཞིམ་འཐུལ་བ་དང་། “ཤེས་དཔལ་སྲན་ཕྱུར”གྱི་རྒྱུན་འཛིན་པ་ཀྲང་ཞན་ཧྭ་ཡིས་སྣུམ་བཙོས་སྲན་ཕྱུར་བཟོ་བཞིན་ཡོད་པ་དང“སྔོན་ཆད་ཁྱིམ་ཚང་གི་བཟོ་ཁང་ཞིག་ཡིན་པས་ལས་རོགས་གཅིག་ཀྱང་སྐད་བཏང་མེད”ཅེས་ཁོང་གིས་བཤད་བྱུང་། ཧྲ་ཀྲོའུ་རུ་མི་མང་པོ་སླེབས་ནས་འཁྲུག་ཆ་དོད་པོ་ཆགས་རྗེས། སྲན་ཕྱུར་འདོན་ཚད་ལས་མཁོ་ཚད་ཆེ་བར་གྱུར་པ་དང་། ལས་མི་50ལྷག་ཙམ་མང་དུ་སོང་ཡོད། ཉེ་ཆར་ཁོང་གིས་སྲན་ཕྱུར་བཟོ་ཁང་དེ་མཛེས་ལྗོངས་ཁུལ་དུ་སྤོས་ཏེ་ཡུལ་སྐོར་བར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་རྩིས་ཡོད།

    “མཛེས་ལྗོངས་རྐྱང་པ་ཙམ་ལ་ཡིད་དབང་འགུག་ཤུགས་ཆེན་པོ་མེད། མཉམ་འགུལ་བྱས་ཚེ་གཞི་ནས་ཕན་འབྲས་ཆེ་རུ་འགྲོ་སྲིད”ཅེས་ཧྲ་ཀྲོའུ་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བཅའ་སྡོད་ཧུའུ་ནན་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེན་མིན་གྱིས་བཤད།

    མཉམ་འགུལ་ནི་ཐོན་ལས་ཀྱི་སྣུར་སྲིང་དང་ཁ་འབྲལ་ཐབས་མེད།

    ལྔ་གཅིག་རིང་གྲོང་ཚོར་རྒྱང་སྐྱོད་ཀྱི་གཞི་རྒྱུ་མི་ཉུང་བ་ཞིག་ཡོད་དེ། ཁང་པ་རྙིང་པའི་གྱང་ངོས་སུ་རྒྱང་སྐྱོད་སྐབས་ཀྱི་གསར་བརྗེའི་དྲིལ་བསྒྲགས་ཤོག་བྱང《འགྲོ་ལམ་གང་དུ་ཡོད》ཅེས་པ་སྦྱར་ཡོད། གྲོང་ཚོ་དེར་སྔོན་ཆད་ཐོན་ལས་གང་ཡང་མེད་པས་གྲོང་ཚོ་དབུལ་པོ་ཞིག་རེད། དཔེ་སྟོན་ཁུལ་གྱི་མཉམ་འགུལ་འཕེལ་རྒྱས་ལ་བརྟེན་ནས་2024ལོར་གྲོང་ཚོར“འགྲོ་ལམ་གང་དུ་ཡོད”ཅེས་པའི་བཤམས་སྟོན་ཁང་བསྐྲུན་པ་དེ“ངའི་ཧྲ་ཀྲོའུ་ཡི་འགྲུལ་སྐྱོད”ཅེས་པའི་གསར་བརྗེའི་ཞིབ་སློབ་ལམ་ཐིག་ནང་བཅུག་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད། ད་ལོ་མཛེས་ལྗོངས་ཁུལ་གྱི་བོགས་དངུལ་བརྩིས་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཟིན་གྱི་ཡོད།

    ཧན་ཐན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཡིའུ་ཧྥ་ཡིས་བལྟས་ན། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི“རྒྱང་སྐྱོད་ལམ་བུའི”ཐོག་དཔུང་སྒྲིལ་འཕེལ་རྒྱས་ལ་གཞི་ནས་གཏིང་ཤུགས་ལྡན་ཡོད། ཧན་ཐན་གྲོང་ཚོར་མངོན་མིན་རིག་གནས་ཤུལ་བཞག་གི་འབྲུག་རྩེད་རྩེ་བ་དང་ཤིའུ་ཧྲུའེ་གྲོང་ཚོར་དམངས་སྲོལ་གནས་ཚང་ཚོ་འདུས་གཉེར་བ་སོགས་ཧྲ་ཀྲོའུ་མཐའ་འཁོར་གྱི་ཡུག་ཁུལ་དུ“གྲོང་ཚོ་རེར་མཛེས་ལྗོངས་རེའི”ཐབས་སྒྱུར་གོང་འཕེལ་བྱུང་ནས། ཉེ་བའི་ལོ་གསུམ་གྱི་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་430ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་། “གྲོང་ཚོ་བཅུ་དང་སྡེ་ཁུལ་གཅིག”གི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་གྲོང་ཚོ་རེར་ཆ་སྙོམས་སྒོར་ཁྲི་11.54ནས་སྒོར་ཁྲི་34.87བར་འཕར་ཏེ“གྲོང་ཚོ་གཅིག་འཕེལ་རྒྱས”འགྲོ་བ་ནས“ཡུག་ཁུལ་དར་རྒྱས”ཡོང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།