འཚོ་རྟེན་ལས་སྤྲོད་དམངས་འཚོར་ཕན། ལས་ཞུགས་འབབ་འཕར་འཚོ་བ་སྐྱིད།
—— མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ལ་བརྟེན་ནས་འབྲོག་ཁུལ་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་མཐུན་རྐྱེན་སྦྱར་བ།

འདི་ནི་མཚོ་ཆེན་རྫོང་མཚོ་ཆེན་གྲོང་རྡལ་སྨན་སྟོང་སྡེ་ཁུལ་གྱི་སྐྱས་སྤོས་འགྲོ་ལམ་སྐྲུན་ཡུལ་ཡིན་པ།
ནམ་ལངས་མ་ཐག་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་མཚོ་ཆེན་གྲོང་རྡལ་སྨན་སྟོང་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་མང་ཚོགས་བློ་བཟང་གིས་ཞོགས་ཟས་སྟབས་བདེ་ཞིག་བཟས་ཏེ་ལག་ཆ་འཁྱེར་ནས་བུ་དང་མཉམ་དུ་སྨན་སྟོང་སྡེ་ཁུལ་གྱི་སྐྱས་སྤོས་འགྲོ་ལམ་སྐྲུན་སར་ལས་ཀར་ཕྱིན། དེ་སྔ་ཁོང་གླ་པ་རྒྱུག་ནས་ཡོང་འབབ་བསགས་ཏེ་ཁྱིམ་གྱི་འཚོ་བའི་ཁ་གསབ་བྱེད་འདོད་ན་ས་ཐག་རིང་བའི་སྒར་རྫོང་ངམ་ཡང་ན་དེ་ལས་ལམ་ཐག་རིང་བའི་ས་ཆར་ལས་ཀ་ཙག་ཙིག་བྱེད་པར་འགྲོ་དགོས་ཀྱི་ཡོད། ད་ཆ་གྲོང་ཚོས་ལག་བསྟར་བྱེད་བཞིན་པའི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ལ་བརྟེན་ནས་ཁྱིམ་གྱི་སྒོ་རྩར་ཡོང་འབབ་བརྟན་པོ་རག་པ་མ་ཟད། ད་དུང་ཁྱིམ་ལའང་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད་པ་རེད།
འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པའི་མཚོ་ཆེན་རྫོང་དུ་འབྲོག་ཁུལ་གྱི་རྒྱ་ཁྱོན་ཆེ་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བལྟོས་བཅས་རྗེས་ལུས་ཡིན་པ་རེད། འབྲོག་པའི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་ཆེད། ས་གནས་དེ་གས་འཚོ་རྟེན་ལས་སྤྲོད་དེ་དམངས་འཚོ་འགན་ལེན་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་ཚད་ལྡན་ཅན་གྱི་ཕྱུགས་རིགས་སྐྱས་སྤོའི་འགྲོ་ལམ་ཉམས་བཟོ་སོགས་དམངས་ཕན་འདུ་འགོད་ཁག་གཅིག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་ཆབས་ཅིག ཞིང་འབྲོག་མང་ཚོགས་ལ་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ལས་སྟེགས་བཏོད་པས། ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་ནས་ལས་ཞུགས་འབབ་འཕར་བྱུང་བ་མ་ཟད། སྤྱོད་གོ་ཆོད་པའི་རྩལ་ནུས་ཀྱང་ཤེས་ཡོད།
སྨན་སྟོང་སྡེ་ཁུལ་གྱི་སྐྱས་སྤོའི་འགྲོ་ལམ་དེ་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ཐོག་ནས་ད་ལོའི་ཟླ་7པར་དངོས་སུ་ལས་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་769.58བཏང་ནས་ཚད་ལྡན་ཅན་གྱི་ཕྱུགས་རིགས་སྐྱས་སྤོའི་འགྲོ་ལམ་ཉམས་བཟོར་དམིགས་པ་ནི་ས་གནས་དེ་གས་གཙོ་གནད་ཐོག་སྐུལ་འདེད་གཏོང་བའི་དམངས་འཚོའི་རྣམ་གྲངས་ཤིག་རེད། རྣམ་གྲངས་ལག་ལེན་བསྟར་མ་ཐག་བློ་བཟང་གིས་བུ་ཁྲིད་ནས་ལམ་སེང་མིང་ཐོ་བཀོད་ཡོད། “རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ང་ཚོ་འབྲོག་ཁུལ་དུ་དོན་འཁྱོལ་ཐུབ་ནས་ང་ཚོར་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད”ད་ཆ་བློ་བཟང་དང་ཁོང་གི་བུས་དེ་གར་ཉིན་གཅིག་ལས་ཀ་བྱས་པར་གླ་ཆ་སྒོར་500རག་གི་ཡོད་པ་དང་མི་རེས་ཟླ་རེར་ཁྱིམ་ལ་ཡོང་འབབ་སྒོར་7800གསོག་ཐུབ་ཀྱི་ཡོད། ཁོང་དང་ནང་མིས་ལས་ཀ་བྱས་པའི་ཡོང་འབབ་ཀྱིས་ཁང་པ་ཉམས་བཟོ་བྱས་ནས་ནང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རྩིས་ཡོད་པ་རེད།
ལས་ཡུལ་དུ་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཤིང་། ལག་རྩལ་མཛུབ་ཁྲིད་པ་སུང་ཕེ་ལིན་གྱིས་ལས་སྒྲུབ་བྱ་ཡུལ་དུ་ཁྲེ་ཙེ་འཁྱེར་ནས་ལས་མི་མང་ཚོགས་ལ་ལམ་ངོས་ཁོད་སྙོམས་སྟངས་དང་ལམ་བཟོ་སྟངས་དམར་ཁྲིད་བྱེད་བཞིན་ཡོད། ཁོང་གིས“རྣམ་གྲངས་དེས་ལས་ཞོར་གསོ་སྦྱོང་མཐའ་འཁྱོངས་བྱས་ཏེ་ལས་ཀ་ཇི་ཙམ་བྱས་ཟིན་ཚེ་ལག་རྩལ་སློབ་ཁྲིད་ཀྱང་དེ་ཙམ་ཤེས་པ་བྱས་པ་ལས་འབྲོག་པ་མང་ཚོགས་ཚོར་ངལ་ནུས་གླ་ཆ་ལེན་རྒྱུ་ཡོད་པ་དང་ཆབས་ཅིག་ལམ་བཟོ་སྟངས་དང་ལམ་སྲུང་སྐྱོང་བྱེད་སྟངས་སོགས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་ཡང་ཤེས་ཐུབ་པར་བྱས་ཡོད”ཅེས་བཤད།
མང་ཚོགས་དེ་བས་མང་བ་རྣམ་གྲངས་ནང་ཞུགས་ཆེད་རྣམ་གྲངས་ལས་འགོ་མ་ཚུགས་གོང་མཚོ་ཆེན་གྲོང་རྡལ་གྱི་ལས་དོན་པས་དྲ་ཐོག་དང་དྲ་ཕྱི་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་གཞོན་ནུ་དང་དར་མའི་ངལ་ནུས་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་བྱས་པ་མ་ཟད། ས་ཆ་དེ་རང་དང་ཐག་ཉེ་སའི་ལས་མི་སྤྱོད་པའི་དགོས་མཁོ་དོན་འཁྱོལ་ནན་པོ་བྱས་ཏེ་དབུལ་སྒྲོལ་དུད་ཚང་དང་། ལྟ་ཞིབ་ཚད་ལེན་དུད་ཚང་། ངལ་ནུས་ལྷག་མ་བཅས་ཀྱི་ལས་མི་སྔོན་ལ་བསྡུས་ཡོད། དེ་དང་ཆབས་ཅིག གླ་པ་རྒྱུག་མཁན་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱ་ཆེད། གྲོང་ཚོས་ལས་ཀའི་རྩིས་ཁྲ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཉིན་ལྟར་འབྱོར་ཐོ་འགོད་པའི་ལམ་ལུགས་དོན་འཁྱོལ་བྱས་པ་དང་ངལ་ནུས་ཀྱི་གླ་ཆ་ཟླ་རེ་བཞིན་མང་ཚོགས་ཀྱི་དངུལ་ཁང་གཱ་ནང་ཐད་ཀར་བླུགས་ནས་ཉིན་གཅིག་ལས་ཀ་བྱས་ཚེ་ཉིན་གཅིག་གི་གླ་ཆ་སྤྲད་དེ་གླ་ཆ་འགྱངས་ཆད་གཏན་ནས་བྱས་མེད།
མཚོ་ཆེན་རྫོང་འཕེལ་སྒྱུར་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཟླ་བ་བཀྲ་ཤིས་ཀྱིས། 2026ལོར་མཚོ་ཆེན་རྫོང་གིས་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་14དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་8000ལྷག་ཙམ་བཏང་བ་དང་། རྣམ་གྲངས་ཀྱི་གྲངས་འབོར་དང་མ་དངུལ་གཏོང་ཚད་ཚང་མ་མངའ་རིས་ས་ཁུལ་གྱི་ཨང་དང་པོར་སླེབས་ཡོད། མིག་སྔར། རྣམ་གྲངས་ཚང་མ་ལས་འགོ་བཙུགས་ནས་སྐྲུན་བཞིན་ཡོད་པ་དང་ལོ་འདིའི་ནང་ཚང་མ་ལས་མཇུག་འགྲིལ་ནས་རྩིས་སྤྲོད་རྩིས་ཡོད་པ་རེད། རྣམ་གྲངས་དེ་སྤྱོད་འགོ་ཚུགས་རྗེས་ས་གནས་དེ་གའི་ཞིང་འབྲོག་པ་2000ལྷག་ཙམ་ཐག་ཉེ་སར་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་འབབ་འཕར་སྒོར་ཁྲི་3000ལྷག་ཙམ་གཏོད་རྒྱུ་རེད་ཅེས་བསྟན་པ་རེད།
འབྲེལ་ཡོད་གསར་འགྱུར།