ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ཀྱིས་མི་ཐབས་རིག་ནུས་འགྲེམས་ཁུལ་རིམ་སྤོར་བྱས་ཏེ་3.0གྱི་གོ་སྐབས་མཉམ་སྤྱོད་བྱེད་པ།
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་དེ་བས་ཚགས་དམ་པ་འཛུགས་པར་རམ་འདེཌ་བྱེད་པ།
ཟླ་9ཚེས་17ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་སྐབས་ཉེར་གསུམ་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀོང་ཤིས་ནན་ཉིང་དུ་འགོ་ཚུགས་ཤིང་། ད་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་5འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་རིམ་སྤོར་གྲོས་ཆོད་ལ་མིང་རྟགས་བཀོད་རྗེས་གང་མགྱོགས་དོན་འཁྱོལ་དང་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། རྒྱབ་ལྗོངས་འདི་འདྲའི་འོག སྐབས་འདིའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ཀྱིས“3.0གྱི་གོ་སྐབས་མཉམ་སྤྱོད་བྱེད། མཛེས་སྡུག་ལྡན་པའི་འཚོ་བ་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། འཚོལ་ཞིབ་གསར་པ་བྱས་ནས་ལས་སྟེགས་ཀྱི་ནུས་པ་བཏོན་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་དེ་བས་ཚགས་དམ་པ་འཛུགས་པར་རམ་འདེགས་བྱས་ཡོད།
འགྲེམས་རྫས་གསར་པ་ལས་མི་ཐབས་རིག་ནུས་ཡོངས་སུ་མངོན་པ།
སྐབས་འདིའི་འགྲེམས་ཚོགས་ཐོག་མི་ཐབས་རིག་ནུས་ནི་བཀྲག་མདངས་འཚེར་བའི་འགྲེམས་རྫས་གཙོ་བོ་ཞིག་རེད། མི་ཐབས་རིག་ནུས་འགྲེམས་ཁུལ་གྱིས“ས་ཆ་གཉིས་དང་ཁྱད་པར་ཅན”གྱི་བྱེད་ཐབས་སྤྱད་དེ་ཚོགས་ར་གཙོ་བོ་ནན་ཉིང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་བཙུགས་ནས་དཔེ་དབྱིབས་ཆེན་མོ་དང་མི་ཐབས་རིག་ནུས་ཀྱི་ཉིང་ལྷེབ་སོགས་མཁྲེགས་སྙིང་ལག་རྩལ་སྤྱོད་སྟངས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།
བཟོ་ལས་བཀོལ་སྤྱོད་ཞིབ་ཚགས་བྱེད་པའི་གནས་སྟངས་འོག ཀྲེ་ཡོན་གསར་གཏོད(ཧྲང་ཧའེ)ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་འཕྲུལ་མིར་ཅ་དངོས་འབེབས་འཇུག་དང་། སྐོར་ཞིབ། གཙང་སྦྲ་སོགས་བྱེད་པའི་ནུས་པ་ལྡན་ཡོད། 2026ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཐབས་རིག་ནུས་པུའུ་ཀྲང་གི་གྲལ་སྒོར་ཚོགས་འདུར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་མི་ཐབས་རིག་ནུས་གཙོ་གཉེར་སྡེ་ཚན་གྱི་འཐུས་མིས་མི་ཐབས་རིག་ནུས་ཀྱི་རྒྱལ་སྒྲོལ་མི་ཆོས་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་པ་དང་གྲངས་འཛིན་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས། སྤེལ་རེས་གཏིང་ཟབ་བྱས་ཏེ་ས་ཁོངས་བཅོས་སྐྱོང་གི་ཐུན་མོང་གི་ངོས་འཛིན་དང་། མཉམ་ལས་ཀྱི་ལམ་སྲོལ། དངོས་སྒྲུབ་ཀྱི་གྲུབ་འབྲས་བཅས་ཆགས་པར་སྐུལ་འདེད་བཏང་བ་རེད།
ལམ་སྲོལ་གསར་གཏོད་དགོས་མཁོའི་ཁྲིད་སྟོན་དུ་བྱས་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དགོས་མཁོའི་འགྲེམས་སྟོན་ཐོག་མར་བཙུགས་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་མཁོ་སྤྲོད་སྦྲེལ་མཐུད་ཚོགས་འདུ་ཐེངས་དང་པོ་འཚོགས་པ། “ཀྲུང་གོར་ཕྱིར་གཏོང་བྱེད་པའི”ཐེ་ལན་གྱི་ཆེད་དོན་བྱེད་སྒོ་ཐོག་མར་གཉེར་བ་སོགས། དེ་སྔ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ཀྱིས་གཙོ་བོ“ང་ཚོས་ཅི་ཞིག་སྒྲུབ་ཐུབ་པ”གཙོ་བོར་འཇོག་གི་ཡོད་པ་དེ་ནི་མཁོ་སྤྲོད་ཕྱོགས་ཀྱི་བསམ་གཞིག་ཡིན་པ་དང་། ད་ལོ“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཅི་ཞིག་དགོས་པར”དེ་བས་སྣང་ཆེན་བྱེད་པ་དེ་ནི་དགོས་མཁོར་གཞིགས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བཟོ་ཚོང་ལས་རིགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དེ་རེད།
སྐབས་འདིའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་ཐོག་ཐི་མོར་ཤར་མ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་གཞིའི་ཁོངས་མིའི་རྒྱལ་ཁབ་དང་མཉམ་གཉེར་ཕྱོགས་ཡིན་པའི་ངོས་ནས་ཐོག་མར་ཞུགས་ཡོད། དེ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱ་སྐྱེད་བཏང་རྗེས་རྒྱལ་ཁབ་11ནན་ཉིང་དུ་འཛོམས་ཐེངས་དང་པོ་དེ་རེད། ཐི་མོར་ཤར་མའི་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཤིས་ཏུའོ་ཉི་ཨའོ་ཡིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས་དེ་རྒྱལ་ཁབ་སོ་སོའི་ཐོན་རྫས་དང་ཁེ་ལས་འོས་སྦྱོར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད།
གོ་སྐབས་གསར་སྐྲུན་གྱིས་བཟོ་ཚོང་ལས་རིགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ།
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ནི་སྐབས་འདིའི་འགྲེམས་ཚོགས་ཀྱི་འགག་རྩའི་གྲོས་གཞིའི་གྲས་ཤིག་རེད། འགྲེམས་ཚོགས་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་རིགས་ཁག་གི་མི་སྣས་བཟོ་ཚོང་ལས་རིགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དེས་ཕྱོགས་ཁག་གིས་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་ཐཱན་ཉུང་། མཁོ་སྤྲོད་འཁོར་འབྲེལ་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བར་མཐུན་རྐྱེན་བསྐྲུན་ཡོད། བཟོ་ཚོང་ལས་རིགས་ནི་རང་མོས་ཚོང་དོན་སྒྲིག་སྲོལ་གྱི་ཕན་པ་ཐོབ་མཁན་ཡིན་ལ། ལམ་ལུགས་གསར་གཏོད་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཛུགས་སྐྲུན་པ་ཞིག་ཀྱང་རེད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་བཟོ་ཚོང་སྒྲིག་གཞི་དང་མཉམ་དུ་སྒྲིག་སྲོལ་གྱི་ཁེ་སྤོགས་དེ་མཉམ་ལས་ཀྱི་གྲུབ་འབྲས་དངོས་སུ་སྒྱུར་འདོད་ཡོད”ཅེས་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ལིན་ཧུང་ཧུང་གིས་བརྗོད།
“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་མཉམ་ལས་ནི་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། མཁོ་སྤྲོད་འཁོར་འབྲེལ་སྦྲེལ་མཐུད་སོགས་ཁྱབ་ཁོངས་གསར་པར་རྒྱ་སྐྱེད་བཏང་ནས་ས་ཁོངས་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་རྒྱུ་དེ་རེད། ཁམ་ཕུ་ཁྲེས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས། ཀྲུང་གོའི་ཁེ་ལས་ཀྱིས་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གཙང་མ། སྔོན་ཐོན་བཟོ་སྐྲུན། དེང་རབས་ཞིང་ལས་དང་ཟོག་འགྲེམས་གླིང་ཁུལ་སོགས་ཁྱབ་ཁོངས་སུ་མ་འཇོག་མཉམ་ལས་ཤུགས་ཆེར་གཏོང་བར་དགའ་བསུ་ཞུ་གི་ཡིན”ཞེས་ཁམ་ཕུ་ཁྲེའི་བཟོ་ཚོང་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཁུན་ཐའེ་ཡིས་བརྗོད།
འབྲེལ་ཡོད་གསར་འགྱུར།