དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་ས་གནས་སྲིད་གཞུང་ལ་མངོན་མེད་བུ་ལོན་བཟོས་པའི་འགན་འཁྲི་བདའ་འདེད་དང་རྩད་གཅོད་ཀྱི་དཔེ་མཚོན་གྱོད་དཔེ་དྲུག་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-22

    ཉེན་དོན་སློབ་གསོའི་ནུས་པ་གང་ལེགས་བཏོན་ནས་ས་གནས་སྲིད་གཞུང་ལ་མངོན་མེད་བུ་ལོན(གཤམ་དུ“མངོན་མེད་བུ་ལོན”ཞེས་བསྡུ་རྒྱུ)མང་དུ་འགྲོ་རྒྱུ་མཐའ་གཅིག་ཏུ་བཀག་འགོག་དང་ནོར་དཔལ་གྱི་སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་ཆེད། ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས་ནོར་སྲིད་པུའི་གཞུང་དོན་ཐིང་དང་མཉམ་དུ་མངོན་མེད་བུ་ལོན་བཟོས་པའི་འགན་འཁྲི་བདའ་འདེད་དང་རྩད་གཅོད་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་བདམས་ནས་ཡོངས་བསྒྲགས་དམར་འདོན་བྱས་ཏེ་མིག་ལྟོས་ངན་འགྲན་བྱེད་མཁན་ལ་ཕྱི་འདོམས་བྱས་ཡོད།

    གཅིག་ནི་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་པི་ཅེ་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཝུའུ་ཧྲེང་ཧྭ་ཡི་སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཚབས་ཆེན་བྱུང་ཞིང་། རྩིས་རྙིང་དཔོན་གསར་གྱིས་མི་བླངས་པར་ས་གནས་ཀྱི་བུ་ལོན་ཉེན་ཁ་འགོག་ཟོན་དང་སེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་ཤུགས་མི་འདང་བ། ཝུའུ་ཧྲེང་ཧྭ་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཀྱང་ཡོད་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་དང་ཉེས་གསོག་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་རྒྱག་པར་བསྐྱལ་བ་དང་། གཉིས་ནི་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཧྲི་ཀྲང་གཞོན་པ་ལན་ཧུང་པིན་གྱིས་འགན་འཁྲི་ཡང་དག་མི་འཁུར་བར་སྒྲིག་འགལ་ངང་སྲིད་ཇུས་གཏན་འབེབས་བྱས་ནས་མངོན་མེད་བུ་ལོན་གསར་པ་བཟོས་པའི་ཐད། ལན་ཧུང་པིན་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཀྱང་ཡོད་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་དང་ཉེས་གསོག་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་རྒྱག་པར་བསྐྱལ་བ། གསུམ་ནི་ཧྲའན་ཤིས་ཞིང་ཆེན་ཝུའེ་ནན་གྲོང་ཁྱེར་ལིན་ཝུའེ་ཆུས་ཀྱིས་གཞུང་བཙུགས་སྨན་ཁང་བརྒྱུད་བུ་ལོན་གཡར་ཏེ་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་ལག་ལེན་བསྟར་ནས་མངོན་མེད་བུ་ལོན་སྒོར་དུང་ཕྱུར་1གསར་པ་བཟོས་པའི་ཐད། ཝུའེ་ནན་གྲོང་ཁྱེར་ལིན་ཝུའེ་ཆུས་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་འགན་འཁུར་མཁན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཅུས་ཀྲང་ཚའོ་ཅེ་སོགས་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་བཏང་བ། བཞི་ནི་ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་ཅེ་ཧྲོའུ་གྲོང་ཁྱེར་གྱི་མངོན་མེད་བུ་ལོན་འཇལ་གྲངས་སྒོར་དུང་ཕྱུར་1.4དོན་དངོས་དང་མི་མཐུན་པའི་ཐད། ཅེ་ཧྲོའུ་གྲོང་ཁྱེར་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་མཁན་ཏུང་ཧྲི་ཀྲང་ལི་ཕན་སོགས་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་བཏང་བ། ལྔ་ནི་ཅང་ཤིས་ཞིང་ཆེན་ཅིའུ་ཅང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་མངོན་མེད་བུ་ལོན་འཇལ་གྲངས་སྒོར་དུང་ཕྱུར་10དོན་དངོས་དང་མི་མཐུན་པའི་ཐད། ཅིའུ་ཅང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནོར་སྲིད་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་མཁན་ཀྲུའུ་རེན་ཡིའུ་ཤིས་སོགས་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་བཏང་བ། དྲུག་ནི་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་གྱི་མངོན་མེད་བུ་ལོན་འཇལ་གྲངས་སྒོར་དུང་ཕྱུར་18དོན་དངོས་དང་མི་མཐུན་པའི་ཐད། དབྱིན་ཁྲོན་པིན་ཧོ་རྨ་ཆུ་ཟམ་ཆེན་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་མཁན་ཁྲིམས་བཀོད་འཐུས་ཚབ་པ་དང་སྤྱི་ཁྱབ་ཅིང་ལི་ཝང་རུང་ཡ་སོགས་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་བཏང་བ་བཅས་རེད།

    ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུར་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་གོ་རིམ་ལྡན་པའི་ངང་ཧུར་ཐག་བསལ་ནས་ས་གནས་ཁག་གིས་རང་འགུལ་ངང་བུ་ལོན་འཇལ་བར་སྐུལ་ལྕག་གཏོང་བ་ལས་སྒྲིག་འགལ་ངང་མངོན་མེད་བུ་ལོན་གསར་པ་བཟོ་མི་ཆོག ས་གནས་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། སྲིད་གཞུང་གི་བུ་ལོན་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྲིད་གཞུང་གི་བུ་ལོན་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། བུ་ལོན་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་རྒྱུན་མཐུད་བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།