མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་དར་ལག་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲན་ཡུས་ཕིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།
མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཚེས་18ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་དར་ལག་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲན་ཡུས་ཕིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་དེ་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཀྲན་ཡུས་ཕིང་གིས་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་དང་འགན་འཁྲི་འཁུར་མཁན་གཙོ་བོའི་འགན་འཁྲི་ལག་ལེན་ཡག་པོ་མི་བསྟར་བ། སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཤོར་བ།“བྱས་རྗེས་ལས་གཞི”གཉེར་བ། ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་མི་བྱེད་པ། མགོ་གཉིས་མ་དང་ངོ་གཉིས་མ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་གཞུང་དྲང་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་དང་འབུལ་རྟེན་བླངས་པ། རང་གིས་སྤྲོད་དགོས་པའི་གྲོན་དངུལ་གཞན་ལ་སྤྲོད་དུ་བཅུག་པ། རྩ་འཛུགས་ཀྱི་རྩ་དོན་སྣང་མེད་དུ་བཏང་ནས་མི་སྒེར་གྱི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བ། སྤྱོད་གཙང་གི་མཐའ་ཚད་མི་སྲུང་ཞིང་འགན་དབང་སྤྱད་དེ་གཉེན་ཉེར་ཁེ་ཕན་རག་ཐབས་བྱེད་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་མཐའ་ཚད་སྤུ་ཙམ་ཡང་མེད་པ་དང་སྒེར་གྱི་འདོད་རྔམ་ཆེ་རུ་ཕྱིན་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་སྤྱི་པའི་དབང་ཆ་དེ་སྒེར་གྱི་ཁེ་ཕན་རག་ཐབས་བྱེད་པའི་ཡོ་ཆས་ལ་བརྩི་བ་དང་། རྒྱུ་དབང་བརྗེ་ཚོང་ཤུགས་ཆེན་བྱེད་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་པ་སོགས་ཀྱི་ཐད་ནས་ཁེ་ཕན་རག་ཐབས་བྱས་པ་དང་འབྲེལ་ཁྲིམས་འགལ་ངང་རྒྱུ་ནོར་ཕོན་ཆེན་བླངས་ཡོད།
ཀྲན་ཡུས་ཕིང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཀྱི་ཁྲིམས་འགལ་ཉེས་པ་ཚབས་ཆེན་བསགས་པ་དང་འབྲེལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་མཚམས་དང་ཚོད་མི་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཉི་ཤུ་པའི་རྗེས་སུ་སྔར་བཞིན་མཚམས་འཇོག་མི་ཤེས་པས། ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པར་བརྟེན་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཀྲན་ཡུས་ཕིང་ལ་ཏང་གི་སྐྱིད་སྡུག་ནས་ཕུད་པའི་ཆད་པ་གཅོད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕུད་པའི་ཆད་པ་གཅོད་རྒྱུ། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། དེའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཏུག་བཤེར་བྱེད་པར་རྩིས་སྤྲོད་རྒྱུ་དང་འབྲེལ་ཡོད་ཀྱི་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་རྒྱུའི་ཐག་བཅད་པ་རེད།
འབྲེལ་ཡོད་གསར་འགྱུར།