མི་གཅིག་ཕྱུག་པོ་ཆགས་པ་ནས་གྲོང་ཚོ་གཅིག་མཉམ་དུ་ཕྱུག་པོ་ཆགས་པ་དང་རྫོང་གཅིག་ལ་འབབ་འཕར་བྱུང་བའི་བར།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ལས་རིགས་ཀུན་དར་ངལ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཉི་མ་སྲི་ཆོད་ཀྱི་སྐོར་བཀོད་པ།
ཞོགས་པའི་ཉི་གཞོན་ལྷ་སའི་ལྷོ་རི་བྱང་རིར་འཕྲོས་ཤིང་། རི་ལྡེབས་སུ་སྡོང་ཕྲུག་གྲལ་སྟར་འགྲིག་པོས་བཙུགས་པ་དང་ཉི་མ་སྲི་ཆོད་ཀྱིས་མི་ཚོགས་ཁྲོད་ཕར་འགྲོ་ཚུར་འོང་བྱེད་བཞིན་སྡོང་ཕྲུག་བདག་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་ཆུ་དང་ས་སྣོན་རྒྱག་བཞིན་པའི་ལས་མིར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་མངགས་བྱ་བྱས།
མི་གཅིག་ཕྱུག་པོ་ཆགས་པ་ནས་གྲོང་ཚོ་གཅིག་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱེད་པ་དང་དེ་ནས་རྫོང་གཅིག་གི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བར་ཉི་མ་སྲི་ཆོད་ཀྱིས་བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པ་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་ཡོད།
གཞོན་ནུའི་སྐབས་ལས་གཏོད་བྱས་ནས་ཁྱིམ་ཚང་ཕྱུག་པོར་གྱུར་བ།
ཉི་མ་སྲི་ཆོད་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོར་སྐྱེས་ཤིང་། ལོ་8ནས་བཟུང་ཤངས་ཆུའི་འགྲམ་དུ་ཕྱུགས་རྫི་བྱས་པ་དང་ལོ་21ནས་ཕྱུགས་འཚོ་མཚམས་བཞག་སྟེ་ཡུལ་མི་ཚོ་དང་མཉམ་དུ་ཕྱིར་གླ་པར་བསྐྱོད།
ཉི་མ་སྲི་ཆོད་ནག་ཆུར་སླེབས་རྗེས་ཉིན་གཅིག་ལ་གླ་ཆ་སྒོར་བཅུ་ཕྲག་ཁ་ཤས་ཡོད་པའི་འདོན་འཇུག་ལས་ཀ་ཉིན་བཅུ་གྲངས་བྱས་པ་དང་། དེ་རྗེས་བོད་བཟོའི་ལྕགས་ཐབ་བཟོ་བའི་ལག་རྩལ་སྦྱོང་འདོད་བྱུང་། སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་ནས་མི་མི་ཉུང་བས་མགར་བའི་ལས་དེ་འཛེམ་བྱར་བརྩི་བས་ལྕགས་ཐབ་བཟོ་མཁན་ཧ་ཅང་ཉུང་ཉུང་རེད།
ཉི་མ་སྲི་ཆོད་ཀྱིས་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་དེ་རིགས་ལ་མ་བལྟོས་པར་བོད་བཟོའི་ལྕགས་ཐབ་བཟོས་ན་ཡོང་འབབ་ཆེན་པོ་ཡོད་པ་ཤེས་ནས་དགེ་ཕྲུག་བཟོ་པ་ཞིག་བྱས་ཏེ་ལག་རྩལ་དེ་ཁོང་དུ་ཆུད་པ་རེད།
ལོ་མཇུག་ཏུ་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་སྐབས་ཡུལ་མི་གཞན་དག་ཚོར་ཡོང་འབབ་སྒོར་ཉིས་སྟོང་སུམ་སྟོང་ལས་འཁྱེར་རྒྱུ་མེད་རུང་། ཁོ་པར་དངུལ་སྨར་སྒོར་6800དང་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་གཏོང་རྒྱུ་ཡོད། གཞོན་ནུའི་དུས་ཀྱི་སྐོར་གླེང་སྐབས“ཚང་མ་ལྕགས་ཐབ་བཟོས་ནས་བྱུང་བའི་དངུལ་རེད”ཅེས་ཉི་མ་སྲི་ཆོད་ཀྱིས་སྤོབས་སེམས་ཆེན་པོས་བཤད།
ཡོང་འབབ་དང་པོ་དེ་གསོག་ཐུབ་རྗེས་ཉི་མ་སྲི་ཆོད་ཀྱིས་ཁྱིམ་དུ་བསྡད་དེ་བོད་བཟོའི་ཐབ་བཟོས་ནས་འཚོ་བ་བསྐྱལ། འོན་ཀྱང་གཉེན་ཉེས་ཁོ་པས་མགར་བའི་ལས་བྱས་པར་སྐྱོན་འཛུགས་དང་འཕྱ་སྨོད་ཡང་ཡང་བྱས་རྐྱེན། ཉི་མ་སྲི་ཆོད་རྣམ་གླིང་རྫོང་གྲོང་དུ་མ་སྤོ་ཀ་མེད་བྱུང་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་གར་ཁོང་ལ་ཚོང་ལས་ཀྱི་གོ་སྐབས་གཞན་ཞིག་རྙེད། སྐབས་དེ་དུས་རྣམ་གླིང་རྫོང་དུ་རྐང་འཁོར་བཟོ་སའི་ཚོང་ཁང་མེད་པ་དང་། རྐང་འཁོར་སྐྱོན་ཤོར་བའམ་ཡང་ན་འཁོར་ལོ་བརྡོལ་ཚེ་འགྲུལ་སྐྱེལ་རླངས་འཁོར་དུ་བླུགས་ནས་གཞིས་རྩེར་བཟོ་བར་འགྲོ་དགོས་ཀྱི་ཡོད། ཉི་མ་སྲི་ཆོད་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་རྫོང་གྲོང་དུ་རླངས་འཁོར་ཉམས་བཟོ་ཁང་དང་པོ་དེ་བཙུགས་ཏེ་འཁོར་ལོར་ལྷན་པ་རྒྱག་པ་དང་ཚ་ལ་རྒྱག་པའི་ལག་རྩལ་རང་སྦྱོང་བྱས། ལག་རྩལ་བྱང་ཇེ་ཆུབ་ཏུ་འགྲོ་བ་དང་བསྟུན་ནས་སྐད་གྲགས་ཀྱང་སྔར་བས་ཆེ་རུ་སོང་ཞིང་། ཁོང་གིས་ཡུལ་དེ་གའི་ཚ་ལ་བ་བདུན་བརྒྱད་དང་རླངས་འཁོར་ཉམས་བཟོ་བྱེད་མཁན་གཉིས་གསོ་སྐྱོང་བྱས་ཏེ་ས་གནས་དེ་གར་རྐང་པ་བརྟན་པོ་བཙུགས།
2007ལོར། སྤྱང་གྲུང་ལྡན་པའི་ཉི་མ་སྲི་ཆོད་ཀྱིས་སླར་ཡང་གྲོང་ཚོ་དེ་གའི་མི་20ལྷག་ཙམ་ཁྲིད་དེ་འཛུགས་སྐྲུན་རུ་ཁག་ཅིག་བཙུགས། ཁོང་གིས་ལས་རོགས་ཚོའི་སྣེ་ཁྲིད་དེ་ཆར་རླུང་ལ་མི་འཛེམས་པར་ངལ་བ་ཁྱད་དུ་བསད་དེ་ཆུང་ས་ནས་ཁང་པ་དང་མཛོད་ཁང་བསྐྲུན་པ་དང་ཆེ་ས་ནས་གྲོང་གསེབ་ཀྱི་འགྲོ་ལམ་བཟོ་བ་དང་ཟམ་པ་རྒྱག་པ་བཅས་བྱས་ཏེ། ཞུམ་པ་མེད་པའི་སྙིང་རུས་ལ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཅིང་། ཨར་ལས་རུ་ཁག་གི་སྐད་གྲགས་ཇེ་ཆེར་སོང་བ་དང་སྦྲགས་ཉི་མ་སྲི་ཆོད་ཀྱི་ཡོང་འབབ་ཀྱང་ལོ་ལྟར་སྒོར་ཁྲི་30ལྷག་ཙམ་ཟིན་གྱི་ཡོད།
ཕོ་ལོ་སུམ་ཅུ་ཡི་སྐབས་ཕ་ཡུལ་དུ་ལོག་ནས་ཡུལ་མིའི་སྣེ་ཁྲིད་དེ་དབུལ་སྒྲོལ་བྱས་པ།
སྐབས་དེ་དུས་རི་སྔོན་གྲོང་ཚོ་ནི་སྔར་བཞིན་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་རྣམ་གླིང་རྫོང་གྲོང་དང་ཐག་ཉེ་ཡང་ཐོན་ཁུངས་ཉུང་བ་དང་རྨང་གཞི་ཞན་པས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2800ལས་ཟིན་གྱི་མེད། ཡུལ་མི་ཚོ་དབུལ་ཕོངས་ལས་ཐར་འདོད་ཆེན་པོ་བྱེད་ཀྱང་སྣེ་ཁྲིད་མཁན་ཞིག་མེད། ཉི་མ་སྲི་ཆོད་ཀྱི་ལས་གཏོད་ལམ་ལྷོངས་བྱུང་བ་ལས་རི་སྔོན་གྲོང་ཚོའི་ཡུལ་མིར་དབུལ་སྒྲོལ་ཕྱུག་འགྱུར་གྱི་རེ་བ་རྙེད་པ་རེད།
2011ལོའི་ཟླ་10པར། རི་སྔོན་གྲོང་ཚོར་སྐབས་བརྗེའི་འདེམས་བསྐོ་བྱེད་གྲབས་ཡོད་པ་དང་གྲོང་རྡལ་གྱི་ལས་བྱེད་པས་ཁོང་གྲོང་ཚོར་ལོག་ནས་གྲོང་ཚོའི་ལས་བྱེད་པ་བྱས་ཏེ་ཡུལ་མིར་ཕྱུག་འགྱུར་སྣེ་ཁྲིད་བྱ་རྒྱུའི་རེ་བ་བཏོན། འདེམས་ཤོག་འཕེན་པའི་ཉིན་དེར་ཉི་མ་སྲི་ཆོད་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་རེད།
ལས་འགན་འཁུར་རྗེས་ཉི་མ་སྲི་ཆོད་ཀྱིས་རང་ཉིད་ཀྱི་བྱ་གཞག་སྒྲུབ་མཚམས་བཞག་ནས་རི་སྔོན་གྲོང་ཚོའི་འཕེལ་རྒྱས་ཀྱི་ལམ་བུ་བློ་གཅིག་སེམས་གཅིག་གིས་ཇུས་འགོད་བྱེད་འགོ་ཚུགས།
2012ལོར། ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་ནས་མ་དངུལ་སྒོར་ཁྲི་80ལྷག་ཙམ་བརྩོན་ལེན་བྱས་ཏེ་རྫོང་གྲོང་གི་ཁྲོམ་གཞུང་དུ་ཚོང་ཁང་40བསྐྲུན་ཏེ་ཁང་གླ་དམའ་པོ་བྱས་ནས་གྲོང་ཚོའི་ལག་ཤེས་ཡོད་པའི་དུད་ཚང་དབུལ་པོར་གཉེར་སྐྱོང་བྱེད་དུ་བཅུག་པ་དེ་ནི་ཁོང་གིས་བཙུགས་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་པོ་དེ་ཡིན་པ་དང་། དུས་དེ་ནས་བཟུང་གྲོང་ཚོ་དེར་གཏན་འཇགས་ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་བྱུང་བ་རེད།
དེ་རྗེས་ཤེས་ཚོར་སྐྱེན་པའི་ཚོང་ལས་ཀྱི་བློ་རིག་ལ་བརྟེན་ནས་ཁོང་གིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རེ་རེ་བཞིན་བཙུགས་པ་སྟེ། སྦྲང་ནོར་བུ་གསོ་བའི་མཉམ་ལས་ཁང་དང་། སྣུམ་འཚག་ཁང་། ཐུག་འཐག་ཁང་སོགས་ལས་ཚང་མར་རང་ཁྱིམ་གྱི་སྒོ་འགྲམ་ནས་འཚོ་བའི་ཐབས་ལམ་རྙེད་པ་དང་ཡུལ་མིའི་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད།
2017ལོར། དེ་སྔའི་ཕྱུགས་རྫི་དེ་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་འབྲེལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་ཡང་བདམས་པ་རེད།
ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་པ་དང་བསྟུན་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཏེ་རི་སྔོན་གྲོང་ཚོའི་ཡུལ་མིའི་འཚོ་བའང་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བ་དང་ཕུགས་རེ་དེ་བས་ཆེ་རུ་ཕྱིན།
2021ལོར། སྐབས་བརྗེ་བྱེད་སྐབས་རི་སྔོན་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་16800ཟིན་ཡོད།
ཕོ་ལོ་བཞི་བཅུ་ཡི་སྐབས་རྫོང་གཅིག་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།
རྣམ་གླིང་རྫོང་ནི་བོད་དུ་མི་འབོར་མང་ཤོས་ཀྱི་རྫོང་ཆེན་ཞིག་ཡིན། འོན་ཀྱང་ཞིང་ལས་ཐོན་ཁུངས་མི་འདང་བ་དང་། གཏེར་ཁའི་ཐོན་ཁུངས་དཀོན་པ། ཐོན་ལས་འཕེལ་རྒྱས་ཞན་པ། ལས་ཞུགས་ལས་གནས་མང་པོ་མེད་པ་བཅས་ཀྱི་དབང་གིས་དེ་སྔ་རྒྱལ་ཁབ་རིམ་པའི་ཤིན་ཏུ་དབུལ་བའི་རྫོང་ཞིག་རེད།
མི་འབོར་མང་བའི་རྫོང་ཆེན་དང་ངལ་ནུས་ཕྱིར་གཏོང་མང་བའི་རྫོང་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་2018ལོར་རྣམ་གླིང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་200བཏང་ནས་པའེ་ཞིང་ངལ་ནུས་འགན་འཁྲི་ཚད་ཡོད་ཀུང་སི་བཙུགས་པ་དང་། 2019ལོར་ཉི་མ་སྲི་ཆོད་པའེ་ཞིང་ངལ་ནུས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ལ་བསྐོས་པ་རེད།
2021ལོར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་པས་ཉི་མ་སྲི་ཆོད་ལ་གོ་སྐབས་དེ་བས་མང་བ་ཐོབ།
འོན་ཀྱང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ས་མང་པོ་ཡོད་པ་སྟེ“ཐག་རིང་ལྷ་སར་གླ་པར་ཕྱིན་ནས་གླ་ཆ་མ་རག་ན་གང་འདྲ་བྱེད་དགོས་པ”ལ་སོགས་རེད།
ཉི་མ་སྲི་ཆོད་ཀྱིས་ལས་དོན་མི་སྣ་ཁྲིད་དེ་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་དེ་མང་ཚོགས་ལ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་དུས་ཡུན་རིང་བའི་ལས་གྲྭ་ཅིག་ཡིན་པ་དྲིལ་བསྒྲགས་བྱས་ནས། དུས་ཐུང་གི་གླ་པ་རྒྱུག་པ་ལས་གླ་ཆ་མང་བ་དང་ལས་ཀ་བརྟན་པ་མ་ཟད། ད་དུང་ཕྱི་ཕྱོགས་སུ་གླ་པ་རྒྱུག་ནས་ཉམས་མྱོང་ལྡན་པའི་མང་ཚོགས་བཙལ་ཏེ་རང་གི་གནས་ཚུལ་དངོས་ལ་གཞིགས་ནས་སློབ་གསོ་བརྒྱབ་པ་ལས་མི་10ཡོད་པའི་དཔུང་ཁག་ཁག་དང་པོ་སྒྲིག་འཛུགས་ཐུབ་སྟེ་ལྷ་སར་བསྐྱོད། དེ་ནས་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་མང་ཚོགས་72ལས་གྲྭ་འཛུགས་སྐྲུན་ལ་ཞུགས་ཡོད།
“རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་2023ལོར་ལྷ་སར་ཡོང་མཁན་གླ་པ་མང་དུ་ཕྱིན་ནས་མི་ཐེངས་7110ཙམ་ཟིན་ཡོད”ཅེས་ཉི་མ་སྲི་ཆོད་ཀྱིས་བཤད།
ཡུལ་མི་ཁྱིམ་མཚེས་ཚོ་རེ་རེ་བཞིན་ཕྱུག་པོ་ཆགས་པ་མ་ཟད། ད་དུང་སྔོ་འགྱུར་ལག་རྩལ་ཡང་བྱང་ཆུབ་པ་ཤེས་པ་མཐོང་སྐབས་ཉི་མ་སྲི་ཆོད་ལ་ཡང་ཕ་ཡུལ་དུ་ལོག་ནས་རྣམ་གླིང་དུ“ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ”ཅིག་ལག་ལེན་བསྟར་བའི་བསམ་བློ་གསར་པ་ཞིག་འཁོར།
རྣམ་གླིང་རྫོང་གྲོང་གི་ཁྲོམ་གཞུང་དུ་ཉི་མ་སྲི་ཆོད་ཀྱིས་རྫོང་གྲོང་རྒྱབ་ངོས་ཀྱི་རི་ཞིག་ལ་མཛུབ་མོ་འཛུགས་བཞིན་དུ་ལག་གཅིག་ཏུ་སྔོ་འགྱུར་གྱི་འདྲ་བཅོས་རི་མོ་ཞིག་ཁྱེར་ནས“ང་ཚོར་ལག་རྩལ་དང་། ཉམས་མྱོང་། མི་ཤུགས་བཅས་ཡོད་པས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལེགས་གྲུབ་བྱུང་རྗེས། ངས་ཚང་མའི་སྣེ་ཁྲིད་དེ་རི་དེ་སྔོ་ཐིང་ཐིང་དུ་འགྱུར་བ་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།