དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མེ་འཁོར་བདེ་འཇགས་ངང་སྐྱོད་པ་མཐོང་སྐབས་དཀའ་ལས་ཇི་ཙམ་ཁག་རུང་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་འདུག”

    རང་ལྗོངས་ཀྱི་ལྕགས་ལམ་ལམ་སྲུང་རུ་མིའི་རྒྱུན་གཏན་གྱི་ལས་ཀའི་སྐོར་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-22

    ཉེ་ཆར། གསར་འགོད་པ་གོང་དཀར་རྫོང་གི་ལྷ་རྩེད་ལྕགས་ལམ་ལམ་སྲུང་མཉམ་འགོག་རུ་ཆེན་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་ལམ་ལམ་སྲུང་མཉམ་འགོག་རྫོང་གསར་རུ་ཆེན་དང་ལེགས་འགྲོ་རུ་ཆེན་དུ་བསྐྱོད་དེ་རང་ལྗོངས་ཀྱི་ལྕགས་ལམ་ལམ་སྲུང་མཉམ་འགོག་རུ་མིས་ལས་གནས་བརྟན་སྲུང་བྱེད་ཚུལ་ལ་ས་ཡུལ་དངོས་ནས་ཤེས་རྟོགས་བྱས་པ་ཡིན།

    ལྷ་ས་ནས་ཐོན་ཏེ་ལྷ་ཉིང་ལྕགས་ལམ་བརྒྱུད་ནས་ཕྱིན་པ་ན། ལྷ་རྩེད་ལྕགས་ལམ་ལམ་སྲུང་མཉམ་འགོག་རུ་ཆེན་དུ་སླེབས་ཤིང་། ལྕགས་ལམ་དང་བར་ཐག་མི་རིང་བའི་སར་ཁང་པ་གཅིག་རི་ལྡེབས་སུ་ཁེར་རྐྱང་དུ་ཡོད་པ་དེ་ནི་ལྷ་ཉིང་ལྕགས་ལམ་གོང་དཀར་དུམ་བུའི་ལྷ་རྩེད་ལམ་སྲུང་རུ་ཆེན་གྱི་ས་མཐོའི་ལས་རེས་ས་ཚིགས་15པ་དེ་རེད།

    ལས་རེས་ས་ཚིགས་15པ་དེ་ནི་ལྕགས་ལམ་ལམ་སྲུང་དཔུང་ཁག་ཁྲོད་སྐད་གྲགས་ཡོད་པའི“བཟའ་ཚོའི་ལས་གནས”ཤིག་རེད། 2022ལོའི་ཟླ་7པར་པ་སངས་དོན་གྲུབ་ལྷ་ཉིང་ལྕགས་ལམ་གྱི་ཆེད་བསྐོས་ལམ་སྲུང་བ་ཞིག་ཏུ་གྱུར། བཟའ་ཚོ་གཉིས་རྟག་ཏུ་ཁ་བྲལ་ནས་མཉམ་དུ་འཛོམས་པའི་དུས་ཚོད་མང་པོ་མེད་པར་བརྟེན། 2024ལོའི་ཟླ་2པར་བཟའ་ཟླ་བསོད་ནམས་སྒྲོལ་དཀར་ཡང་ལམ་སྲུང་གི་དཔུང་ཁག་ཏུ་ཞུགས།

    ལོ་གསུམ་ལྷག་ཙམ་རིང་། བཟའ་ཚོ་གཉིས་ཀྱིས་རེས་མོས་ངང་ལས་རེས་དང་སྐོར་ཞིབ་བྱེད་པའི་ལས་འགན་དང་དུ་བླངས་ཤིང་། རིམ་རྩིས་བརྒྱབ་ན་རྐང་ཐང་མར་སྐོར་ཞིབ་ཐེངས་གྲངས་5000ལྷག་ཙམ་བྱས་པ་དང་སྐོར་ཞིབ་ལམ་ཐིག་གི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་1ལྷག་ཙམ་ཟིན་གྱི་ཡོད། ཁོང་གཉིས་ཀྱིས་ལམ་གཞི་ལུག་པའི་མངོན་མེད་རྐྱེན་ངན་དང་། འགོག་སྲུང་ལྕགས་དྲ་རལ་བ། ཉེན་བརྡའི་བྱང་བུ་རྙིང་པ་ཆགས་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་50ལྷག་ཙམ་གྲལ་བཤེར་ཐུབ་ནས། བདག་སྐྱོང་ལམ་དུམ་དུ་ལས་རེས་བྱེད་རིང་བདེ་འཇགས་ཀྱི་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་དང་ཉེན་ཁའི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ་རེད།

    ལས་རེས་ས་ཚིགས་ནས་གསར་འགོད་པས་སྒྲིག་འཇོག་སྟབས་བདེ་ལ་དྲོ་སྐྱིད་ལྡན་པའི་སྨི་ངོས་གྲུ་20ལྷག་ཙམ་གྱི་ཁང་པ་ཞིག་མཐོང་བྱུང་། “ལྕགས་ལམ་རྒྱུད་དུ་སྐོར་ཞིབ་བྱེད་པར་འགྲོ་སྐབས་དཀའ་ལས་ཧ་ཅང་ཁག་པོ་འདུག ཡིན་ནའང་། མེ་འཁོར་བདེ་འཇགས་ངང་སྐྱོད་པ་མཐོང་སྐབས་དཀའ་ལས་ཇི་ཙམ་ཁག་རུང་ལས་ཀ་དེ་བྱེད་རིན་འདུག་སྙམ་གྱི་འདུག”ཅེས་བསོད་ནམས་སྒྲོལ་དཀར་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད།

    ད་ལོ་པ་སངས་དོན་གྲུབ་དང་བསོད་ནམས་སྒྲོལ་དཀར་ལ་2026ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བཟོ་པའི་གདོང་ལེན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    ལམ་སྲུང་རུ་ཆེན་ཞིག་ནི་ས་གནས་དེ་གའི་ཞིང་འབྲོག་པ་དང་སློབ་ཆེན་སློབ་མ་100ལྷག་ཙམ་ལས་གྲུབ་པ་ཞིག་ཡིན་པ་དང་སློབ་ཆེན་སློབ་མའི་བསྡུར་གྲངས་ཀྱིས་27%ཡན་བཟུང་བས་ལྗོངས་ཡོངས་ཀྱི་ལམ་སྲུང་དཔུང་ཁག་ཁྲོད་དམིགས་བསལ་ཅན་ཞིག་ཏུ་གྱུར་ཡོད།

    ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས། 2014ལོའི་ཟླ་7པར་བཙུགས་པའི་རྫོང་གསར་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་སྤྱི་ལེ་45ཡི་ལྕགས་ལམ་ལམ་རྒྱུད་ཀྱི་བདེ་འཇགས་སྐོར་ཞིབ་ཀྱི་འགན་འཁུར་བཞིན་ཡོད། ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་། རུ་ཆེན་གྱི་ཁོངས་གཏོགས་ཁུལ་དུ་ལས་འཛོལ་ཐོན་མེད་པ་དང་། རྨས་སྐྱོན་ཐོན་མེད་པ། གནོད་སྐྱོན་ཐོན་མེད་པ་བཅས“ཐོན་མེད་པ་གསུམ”གྱི་ཟིན་ཐོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། རུ་མི་ཚོས་རིམ་རྩིས་བརྒྱབ་ན་སྤྱི་ལེ་ཁྲི་35.3ཙམ་སྐོར་ཞིབ་ཀྱིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་4000ལྷག་ཙམ་དང་འབྲེལ་མེད་མི་སྣས་ལྕགས་ལམ་དུ་སྐྱོད་པ་དང་འགོག་སྲུང་ལྕགས་དྲ་འགྱེལ་བ་སོགས་ཛ་དྲག་གནས་ཚུལ་ཐེངས་200ལྷག་ཙམ་ཐག་གཅོད་བྱས་ཡོད།

    དེ་སྔ་གློག་མིག་མ་བསྒར་གོང་། རྫོང་གསར་རུ་ཆེན་གྱིས་རྐང་ཐང་མའམ་ཡང་ན་མོ་ཊ་བཏང་ནས་ལྕགས་ལམ་རྒྱུད་དུ་སྐོར་ཞིབ་བྱེད་པར་སྐྱོད་དགོས་པས་ལས་འགན་ལྕི་ལ་འཕྲལ་སྡོམ་ཐག་གཅོད་ཀྱི་དུས་ཡུན་ཡང་རིང་པོ་དགོས་ཀྱི་ཡོད། ཡིན་ནའང་། ད་ཆ་རུ་ཆེན་གྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ཁང་ནས་ལམ་རྒྱུད་ཀྱི་གཙོ་གནད་ཁུལ་གྱི་གནས་ཚུལ་དུས་ཐོག་ཏུ་མཐོང་རྒྱུ་ཡོད་པས། ལས་དོན་པས་ཐོག་མཐའ་བར་གསུམ་དུ་བརྙན་ཤེལ་ཆེན་པོ་ནས་རྒྱུན་གཏན་མིན་པའི་གནས་ཚུལ་ཡོད་མེད་བལྟས་ནས་བསྡད་ན་འགྲིག་གི་ཡོད།

    ད་ལོ་ལོ་27ལ་སླེབས་པའི་ཉི་མ་ཚེ་རིང་པེ་ཅིང་གློག་རྡུལ་ཚན་རྩལ་སློབ་གླིང་ནས་ཐོན་པ་དང་ད་ཆ་རྫོང་གསར་རུ་ཆེན་གྱི་ལྟ་སྐུལ་ཚོད་འཛིན་ཁང་གི་སྐོར་ཞིབ་པ་ཞིག་རེད།

    རྫོང་གསར་རུ་ཆེན་གྱི་རུ་དཔོན་ལེགས་མཚོ་འཕེལ་རྒྱས་ཀྱིས། “ལམ་སྲུང་གི་ལས་ཀ་འདེམས་མཁན་སློབ་ཆེན་སློབ་མ་ཇེ་མང་དུ་འགྲོ་བཞིན་འདུག་པས། ཁོང་ཚོ་ང་ཚོའི་ལས་ཀའི་སྟོབས་ཤུགས་གསར་པར་གྱུར་སོང་། ཚན་རྩལ་ལ་བརྟེན་ནས་ལྕགས་ལམ་སྲུང་བའི་བྱ་ཐབས་སྤྱད་པ་ལས་རུ་མི་རྐང་ཐང་མར་སྐོར་ཞིབ་བྱེད་པའི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་སྦྲགས་ལྕགས་ལམ་ལམ་སྲུང་རུ་ཁག་ཆ་འཕྲིན་ཅན་དང་ཆེད་ལས་ཅན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད”ཅེས་བཤད།

    2015ལོ་ནས་བཟུང་། “ངལ་རྩོལ་ལ་བརྟེན་ནས་བདག་སྐྱོང་བྱེད་པའི”རྣམ་གྲངས་ལ་བརྟེན་ནས། ལེགས་འགྲོ་རུ་ཆེན་གྱི་ལམ་སྐྱོང་རུ་མི་ཚོས་ལས་ཞོར་དུ་ཚལ་འདེབས་པ་དང་། ཕྱུགས་རིགས་གསོ་ཚགས་བྱེད་ཀྱི་ཡོད། ད་ཆ་དྲོད་ཁང་ནས་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་བཅུ་གྲངས་སྐྱེ་གི་ཡོད་པ་དང་དྲོད་ཁང་ཆེ་མོ་10བར་མང་དུ་ཕྱིན་ཡོད། ཕག་ཚང་དུ་རྒྱ་མ་300ཡན་གྱི་ཕག་པ་14དང་། ཕག་ཕྲུག་འགའ་དང་བ་གླང་4གསོ་ཚགས་བྱས་ཡོད།

    ལེགས་འགྲོ་རུ་ཆེན་གྱི་སློབ་སྟོན་པ་བསོད་ནམས་ཡོན་ཏན་ལས་ཀར་ཞུགས་ནས་ལོ་12སོང་བ་དང་། ཁོང་གིས་གསར་འགོད་པར་དེ་སྔ་སྔོ་ཚལ་གཞིས་རྩེ་གྲོང་ཁུལ་དུ་ཉོ་བར་འགྲོ་དགོས་ཤིང་། ཕར་འགྲོ་ཚུར་འོང་སྤྱི་ལེ་24ཙམ་བྱེད་དགོས། སྔོ་ཚལ་རུལ་མགྱོགས་པས་འགྲོ་ཐེངས་གཅིག་ལ་གཟའ་འཁོར་གཅིག་གི་ཚལ་མ་གཏོགས་མང་པོ་ཉོ་རྒྱུ་མེད། ད་ཆ་དྲོད་ཁང་ཆེ་མོ་ཡོད་པས་སྤྱིར་ན་ཚལ་ཉོ་བར་འགྲོ་མི་དགོས་ལ་ཕག་ཤ་ཡང་ཉོ་མི་དགོས། རུ་མི་ཚོའི་འཚོ་བ་ལེགས་སུ་ཕྱིན་པ་མ་ཟད་འཚོ་བའི་འགྲོ་སོང་ཡང་ཉུང་དུ་ཕྱིན་པས་ཚང་མའི་ལམ་སྲུང་གྱི་ལས་དོན་ནང་ཞུགས་པའི་སྤྲོ་སེམས་དེ་བས་འཕེལ་ཡོད་ཅེས་བཤད།

    སྐོར་ཞིབ་ཏུ་འགྲོ་བའི་པར་རིས་རེ་རེ་དང་འཚོ་བའི་རྣམ་པ་རེ་རེ་ནི་ཕར་བལྟས་ན་སྤྱིར་བཏང་ཞིག་ཏུ་སྣང་མོད། འོན་ཀྱང་དེ་ནི་ས་མཐོའི་ལམ་སྲུང་བའི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་མཚོན་ཚུལ་ངོ་མ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།