མཚོ་སྔོན་གྱི“རྟ་ཐོག་སྐོར་སྐྱོད་དཔེ་མཛོད་ཁང”གིས་ཞབས་འདེགས་ཞུ་ཡུལ་སླར་ཡང་རྒྱ་ཆེར་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། “རྟ་ཐོག་སྐོར་སྐྱོད་དཔེ་མཛོད་ཁང”མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དཔལ་རྒྱན་གྲོང་ཚོར་བསྐྱོད་དེ་ཀློག་དེབ་སྤུས་ལེགས་གུར་ཡོད་སར་བསྐྱལ་ནས་མང་ཚོགས་ལ་རིག་གནས་ཀྱི་ཞབས་འདེགས་ཧུར་ཐག་ཞུས་ཤིང་། བྱེད་ཐབས་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི“རྟ་ཐོག་སྐོར་སྐྱོད་དཔེ་མཛོད་ཁང”གི་རྣམ་གྲངས་ལ་གཞི་རིམ་གྱི་འཐབ་ས་གསར་པ་བསྣན་པ་མཚོན་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ་དང་རྩྭ་ཐང་དང་འབྲོག་ཁུལ་དུ་སྤྱི་པའི་རིག་གནས་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་རེད།
དཔལ་རྒྱན་གྲོང་ཚོའི་དཔེ་དེབ་སྐོར་སྐྱོད་ས་ཚིགས་སྤྱོད་འགོ་ཚུགས་པ་ནི“རྟ་ཐོག་སྐོར་སྐྱོད་དཔེ་མཛོད་ཁང”གི་རྣམ་གྲངས་མཚོ་བྱང་འབྲོག་ཁུལ་དུ་ཁྱབ་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ད་ཐེངས་ས་ཚིགས་ཀྱིས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་། ཞིང་འབྲོག་ལས་ཀྱི་ལག་རྩལ། ཚན་རིག་ཁྱབ་གདལ་ཤེས་བྱ། རྩོམ་རིག་སྒྱུ་རྩལ། ལོ་ཆུང་བྱིས་པའི་ཀློག་དེབ། བདེ་ཐང་ལུས་གསོ་སོགས་ཐད་ཀྱི་དཔེ་དེབ་1000བཀོད་སྒྲིག་བྱས་པས་འབྲོག་ཁུལ་གྱི་རིག་གནས་གཡུལ་ས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད། དེ་དང་ཆབས་ཅིག མི་5ཡི་དང་བླངས་ཞབས་ཞུའི་དཔུང་ཁག་བཙུགས་ནས་དཔེ་དེབ་བརྒྱུད་བཤུག་དང་། དཔེ་ཀློག་ཁྲིད་སྟོན། རྒྱུན་གཏན་གྱི་ཞབས་ཞུ་བཅས་འགན་ལེན་བྱས་པ་མ་ཟད། དཔལ་རྒྱན་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རང་འགུལ་ངང་འབྲོག་པའི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ་ས་ཚིགས་རྒྱུན་རྣམ་ཅན་གྱི་འཁོར་རྒྱུག་བྱེད་པར་འདེགས་སྐྱོར་བརྟན་པོའང་བྱས་ཡོད་པ་རེད།
“རྟ་ཐོག་སྐོར་སྐྱོད་དཔེ་མཛོད་ཁང”ནི་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་རིག་གཞུང་ལྷན་ཚོགས་ཀྱིས་2018ལོར་གསར་གཏོད་བྱས་པའི་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་རྟགས་ཤིག་རེད། མཚོ་སྔོན་ཞིང་ཆེན་གྱི་འབྲོག་ཁུལ་ས་རྒྱ་ཆེ་བ་དང་། འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པ། སྤྱི་པའི་རིག་གནས་ཞབས་ཞུ་ས་ཁོངས་ཡོངས་སུ་ཁྱབ་དཀའ་བ་བཅས་ཀྱི་དོན་དངོས་ལ་དམིགས་ཏེ། རྟ་ཐོག་ཁལ་སྐྱེལ་གཞི་རྟེན་དུ་བྱས་ནས་དཔེ་ཀློག་ཞབས་ཞུ་རྩྭ་ཐང་གི་ས་ཕྱོགས་གང་སར་ཁྱབ་པར་བྱས་ཡོད། རྣམ་གྲངས་འཁོར་རྒྱུག་བྱས་ཚུན་སྔ་རྗེས་སུ་མདོ་ལ་རྫོང་འབྲོང་ལུང་ཤང་དང་མདའ་བཞི་རྫོང་མདའ་བཞི་ཝུའུ་ཀུའུ་གྲོང་ཚོ་སོགས་ས་ཆ་མང་པོར་གཞིས་ཆགས་པ་དང་། རིམ་རྩིས་བརྒྱབ་ན་དཔེ་དེབ་ཁག་ཐེངས་162བསྐྱལ་བ་དང་དཔེ་དེབ་ཁག་4500ལྷག་ཙམ་བརྒྱུད་བཤུག་བྱས་པའི་ནང་སྲིད་དོན་དཔྱད་གླེང་དང་ཏང་འཛུགས་སྐྱོང་དང་། ཚན་རིག་དང་མཐུན་པའི་གསོ་ཚགས། རྩོམ་རིག་ལོ་རྒྱུས། ལོ་ཆུང་བྱིས་པའི་བློ་སྒོ་འབྱེད་པ་སོགས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཀློག་དེབ་ཚུད་ཡོད། དེས་ཞིང་འབྲོག་མང་ཚོགས་མི་ཐེངས་2500ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི“མཉམ་འདྲེས་ཡོ་ཆས”དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“འདེད་ཆས”སུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།