དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་མིན་ཉིང་གྲོང་རྡལ་གྱི་བྱེ་ཐང་གསེར་ཐང་དུ་གྱུར་པ།

    གསེར་ཐང་ལ་རིག་གནས་ཀྱི་འབྲས་བུ་བཏགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆིན་རུའེ་ཅེ།   |     སྤེལ་དུས།  2026-09-21

    སྟོན་དུས་ནམ་མཁའ་གཡའ་དག་ཅིང་བསིལ་རླུང་དལ་གྱིས་ལྡང་། ཧོ་ལན་རི་བོའི་འདབས་སུ་ག་ལེར་མུན་པའི་ཡོལ་བ་ཡོངས་སུ་འཐེན། ཟློས་གར་གྱི་གྲོང་སྡེ་མིན་ཉིང་ནས་སྒྲ་སྙན་པན་ཧུའུ་དང་། པི་ཝང་རྒྱུད་གཉིས་མ། པང་ཙེ་བཅས་ཀྱི་སྒྲ་སྙན་མོ་གཅིག་རྗེས་གཉིས་མཐུད་དུ་གྲགས་འོང་ཞིང་། དེ་མུར་ཀྲའོ་ཧུང་སླར་ཡང་ཟློས་གར་གྱི་སྟོན་མོ་གཟབ་རྒྱས་དེར་དབྱིངས་རྦད་དེ་ཚུད།

    1997ལོར། ཀྲའོ་ཧུང་ཉིང་ཞ་ཤིས་ཅི་རྫོང་ཀྲེན་ཧུའུ་ཤང་ནས་མྱ་ངམ་ཐང་འདིར་སྤོས་ཡོང་བ་དང་། ད་ཆ་ཟློས་གར་གྲོང་ཚོའི་འཁྲབ་སྟོན་བློ་འདྲི་བ་ཞིག་ཡིན་ཞིང་། ཁོང་གིས་ཞིང་པ་འཁྲབ་སྟོན་པ་30ལྷག་ཙམ་ཁྲིད་ནས་གནས་སྤོས་ཡུལ་མིའི་གཏམ་རྒྱུད་ཕྱོགས་བཞིའི་སྐུ་མགྲོན་ཚོར་གླེང་བར་བྲེལ།

    “ཐོག་མར་སྤོ་དུས་མྱ་ངམ་ཐང་། ད་ཆ་ཡངས་པའི་འབྲས་ལྡན་ཞིང་། སྔོན་ཆད་ཕ་ཡུལ་དབུལ་ཞིང་ཕོངས། ད་ཆ་འཚོ་བ་བདེ་སྐྱིད་ལྡན”ཞེས་ཀྲའོ་ཧུང་གིས་གར་ཚིག་ལ་བཟོ་བཅོས་ཡང་ཡང་བརྒྱབ།

    ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་དུ་གནས་པའི་མིན་ཉིང་གྲོང་རྡལ་ནི་མིན་ཏེ་ཧྥུའུ་ཅན་དང་ཉིང་ཞ་མཉམ་ལས་བྱས་པ་ལས་མིང་འདི་ལྟར་ཐོགས། 1997ལོར། སྐབས་དེ་དུས་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་པའི་སྣེ་ཁྲིད་དེ་ཉིང་ཞ་རུ་བརྟག་ཞིབ་གནང་བར་ཕེབས་ནས“གནས་སྤོས་ཡུལ་མིའི་དཔྱང་གྲོང”ཞེས་པའི་རྩ་བའི་རང་བཞིན་གྱི་འདུ་འགོད་ཅིག་ལག་ལེན་བསྟར་འགོ་བཙུགས་ཏེ། “ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”ཤིས་ཧའེ་ཀུའུ་ས་ཁུལ་གྱི་མང་ཚོགས་དེ་གར་གནས་སྤོ་རུ་བཅུག་གནང་བ་དང་། ཁོང་སྐུ་ངོ་མས“མིན་ཉིང་གྲོང་ཚོ”ཞེས་མིང་བཏགས་གནང་བ་རེད། “མིན་ཉིང་གྲོང་ཚོ་ནི་ད་ཆ་བྱེ་ཐང་ཞིག་ཡིན་རུང་འབྱུང་འགྱུར་གསེར་ཐང་ཞིག་ཏུ་འགྱུར་ངེས་རེད”ཅེས་གསུངས་པ་དང་། ཏག་ཏག་མི་ལོ་30ཙམ་འདས་རྗེས། དེ་སྔོན་མི་8000ཙམ་ཡོད་པའི་གྲོང་ཚོ་ཆུང་ངུ་ཞིག་ནས་ད་ཆ་མི་ཁྲི་6ལྷག་ཙམ་ཡོད་པའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གྱུར་ཡོད།

    ལོ་འདི་དག་ནང་མིན་ཉིང་གྲོང་རྡལ་ལ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་ནི་མིག་མཐོང་ལག་ཟིན་ཡིན་ལ། ཡུལ་མི་ཚོའི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་ནི་དེ་བས་ཀུན་གྱི་མཐོང་ཆོས་སུ་གྱུར། འདི་གར་སྤོས་མ་ཐག་ཡོང་འབབ་གསོག་པར་བྲེལ་བས་ཀྲའོ་ཧུང་ལ་ཟློས་གར་འཁྲབ་ཁོམ་མ་བྱུང་། 2002ལོར། ཡོང་འབབ་བརྟན་དུ་ཕྱིན་མ་ཐག་ཀྲའོ་ཧུང་གིས་ལྐོག་ཏུ་རང་ཁྱིམ་གྱི་གསོག་ཁྱེར་དངུལ་ཁྱེར་ཏེ་གྲོང་རྡལ་ཡོངས་ཀྱི་ཆིན་ཆང་ཁྲང་ཞིའི་འཛིན་གྲྭ་དང་རིག་གནས་དཔེ་ཁང་དང་པོ་དེ་བཙུགས།

    མིན་ཉིང་གྲོང་རྡལ་གྱི་དེ་སྔའི་ཀྲེན་ཀྲང་གཞོན་པ་ཝང་ཧྥུའུ་རུང་གིས་དེ་གར་སྤོས་མ་ཐག་ཏུ《ཧྥུའུ་ཉིང་ལམ》ཞེས་པའི་དུས་དེབ་ཅིག་གཉེར་བ་སྟེ། སྐབས་དེ་དུས་གློག་ཀླད་དང་པར་འདེབས་འཕྲུལ་ཆས་མེད་པས་དབྱིན་ཁྲོན་དུ་ཤོག་བུ་དང་སྨྱུ་གུ་ཉོ་བར་འགྲོ་དགོས་ཀྱི་ཡོད་པ་དང་། ལོ་གཅིག་ལ་དུས་ཐེངས་བཞི་འདོན་པའི་དུས་དེབ་དེའི་ནང་དགེ་རྒན་དང་། ལས་བྱེད་པ། ཞིང་པ་བཅས་ཀྱིས་བྲིས་པའི“ས་ཕུག་ནས་ས་རྡོའི་ཁང་པ་དང་སོ་ཕག་ཁང་པའི་བར”གྱི་འགྱུར་ལྡོག་འགོད་ཀྱི་ཡོད།

    “གསེར་གྱི་ས་བོན”ལ་མྱུ་གུ་འབུས་ནས་རྩ་བ་ཚུགས་པ་དེ་ཞིང་ཆུ་གཏོང་བ་དང་ཁ་འབྲལ་ཐབས་མེད། ལོ་དེ་དག་ནང་རིམ་རྩིས་བརྒྱབ་ན་མིན་ཉིང་གྲོང་རྡལ་ལ་རིག་གནས་དང་ལུས་རྩལ་གྱི་མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་བ་དང་། གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ལུས་རྩལ་ཐང་སྨི་ངོས་གྲུ་4.6ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་1.5ཡིན་པ་རེད། གྲོང་ཚོར་སྐར་མ་15ཡི་ལུས་སྦྱོང་བྱེད་ས་བཙུགས་པ་དང་། རིག་གནས་ཁང་མིན་ཉིང་ཡན་ལག་ཁང་གིས་ལོ་གཅིག་ནང་རིན་པ་མི་དགོས་པར་རིག་རྩལ་གསོ་སྦྱོང་ཐེངས་20བྱེད་ཀྱི་ཡོད།

    བྱེ་ཐང་གསེར་ཐང་དུ་གྱུར་པ་དང་། གསེར་ཐང་ནས་རིག་གནས་ཀྱི་འབྲས་བུ་བཏགས་ཤིང་། འབྲས་བུ་དེའི་ནང་མི་ལོ་30ཡི་བརྩེ་སེམས་འདུས་ཡོད་ལ། དུས་རབས་གཅིག་གི་བསམ་པའི་སྟོབས་ཤུགས་དེ་བས་ཀྱང་འདུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།