《རྨོ་འདེབས་ཤེས་དཔལ་རྒྱུན་འཛིན་གྱི་བོད་ཀྱི་སོ་ནམ་རིག་གནས་ཤུལ་བཞག་གི་མིང་གཞུང》རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་བརྩམས་ཆོས་ལེགས་གྲས་སུ་ཚུད་པ།
ཉེ་ཆར། 2026ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་བརྩམས་ཆོས་ལེགས་གྲས་སུ་ཚུད་པའི་མིང་ཐོ་དེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྩ་གནད་ལག་བསྟར་གཞུང་དོན་ཁང་ནས་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་ཧྭ་ཞིང་ལས་ཚན་སློབ་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གཙོ་སྒྲིག་བྱས་པ། ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་བཅས་ཀྱི《རྨོ་འདེབས་ཤེས་དཔལ་རྒྱུན་འཛིན། བོད་ཀྱི་སོ་ནམ་རིག་གནས་ཤུལ་བཞག་གི་མིང་གཞུང》གཟེངས་སུ་ཐོན་ནས་མིང་གྲལ་དུ་ཚུད་པ་རེད། བརྩམས་ཆོས་དེ་ནི་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི“ཚན་རིག་ཁྱབ་གདལ་བྱུང་བའི་ཀྲུང་གོ”ཞེས་པའི་ལས་སྟེགས་ནས་མུ་མཐུད་བརྒྱུད་བཀོད་བྱས་ཏེ་བོད་ཀྱི་རྨོ་འདེབས་ཤེས་དཔལ་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་ཕུན་སུམ་ཚོགས་པའི་ནང་དོན་རྒྱལ་ཡོངས་ཀྱི་ཀློག་པ་པོའི་མིག་ལམ་དུ་བཤམས་ཡོད་པ་རེད།
ད་ལོའི་ཟླ་4ཚེས་30ཉིན། དཔེ་དེབ་དེ་ལྷ་སར་དངོས་སུ་འགྲེམས་སྤེལ་བྱས་པས་བོད་ཀྱི་སོ་ནམ་རིག་གནས་ཤུལ་བཞག་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་དབང་གྲགས་ལྡན་པའི་ངང་ཁྱབ་བསྒྲགས་བྱེད་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། དེ་ནི་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱི་མཚོན་བྱེད་རང་བཞིན་གྱི་རིག་གནས་གྲུབ་འབྲས་གལ་ཆེན་ཞིག་རེད།
དེབ་དེའི་ནང་བོད་ཀྱི་སོ་ནམ་རིག་གནས་ཤུལ་བཞག་ཁག་28བསྡུས་ཡོད་པ་དེ་དག་སྣ་ཁ་ཕུན་སུམ་ཚོགས་ཤིང་། སྲོལ་རྒྱུན་གྱི་འདེབས་འཛུགས་དང་། གསོ་ཚགས། ཞིང་ཆུ་འདྲེན་པ། སོ་ནམ་རིག་གནས་མཉམ་འདྲེས་གཉེར་སྐྱོང་སོགས་ཚུད་ཡོད། དེའི་ནང་ནས་བོད་ལྗོངས་སྣེ་གདོང་གི་ནས་འདེབས་མ་ལག་དང་། འདམ་གཞུང་གི་མཐོ་གྲང་སྐྱས་སྤོས་རིག་གནས་མ་ལག ཀོང་པོ་རྒྱ་མདའི་བོད་ཕག་གསོ་ཚགས་མ་ལག སྨར་ཁམས་ཀྱི་སྲོལ་རྒྱུན་རྒུན་འབྲུམ་འདེབས་གསོའི་མ་ལག་བཅས་རྣམ་གྲངས་4ཀྲུང་གོའི་སོ་ནམ་རིག་གནས་ཤུལ་བཞག་གལ་ཆེན་གྱི་གྲས་སུ་ཚུད་ཡོད། གླེང་རིན་ཡོད་པ་ཞིག་ལ་སྣེ་གདོང་གི་ནས་འདེབས་མ་ལག་དེ་ཉིད་ཀྲུང་གོའི་གོ་ལ་ཧྲིལ་པོའི་སོ་ནམ་རིག་གནས་ཤུལ་བཞག་གལ་ཆེན་ཁག་གསུམ་པའི་གྲ་སྒྲིག་མིང་ཐོའི་ནང་བདེ་བླག་ངང་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།