དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་མཚམས་རྫོང་གྲོང་ཆུང་ཆུང་ཞིག་གི་ཐོན་ལས་ཕྱུག་འགྱུར་ལམ་བུ།

    ——གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་དམངས་ལ་བདེ་སྐྱིད་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-21

    གྲོ་མོ་རྫོང་གིས་ལོ་མང་པོའི་རིང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དོན་དངོས་ལ་གཞི་ཚུགས་ཏེ་གོ་སྐབས་དམ་འཛིན་བྱས་ཤིང་། “ཐོན་ལས་དང་པོའི་སྤུས་ཚད་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོ་རུ་གཏོང་བ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་དམ་པོར་དམིགས་ནས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་སྣུར་སྲིང་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེགས་ཆ། དམངས་ཕྱུག་གི་ལེགས་ཆ་བཅས་སུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་ཡོད།

    འཁོར་འབྲེལ་ཧྲིལ་པོ་སྣུར་སྲིང་བྱས་ནས་ཕག་རིའི་འབྲི་གཡག་གི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་བ།

    ས་བབ་སྨི་4360ཟིན་པའི་ཕག་རི་རྩྭ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1000ཙམ་ཡོད།

    དེ་གའི་རྩྭ་རར་སེ་རྒྱུ་ལྡན་པ་མ་ཟད། ད་དུང་རྩྭ་སྣ་ཁ་བརྒྱ་གྲངས་མང་པོ་སྐྱེ་ཞིང་། རང་བྱུང་གི་འཚོ་བཅུད་ཆེ་བའི་རྩྭ་ཆུར་བརྟེན་ནས་འཚར་ལོངས་བྱུང་བའི་ཕག་རིའི་འབྲི་གཡག་གི་ཤ་སྤུས་དག་ལ་བྲོ་བའང་ཆེ། དེ་ནི་རང་བྱུང་ཁམས་ཀྱིས་གྲོ་མོར་གནང་བའི་ལག་རྟགས་ཆེན་པོ་ཞིག་རེད།

    འོན་ཀྱང་ས་གནས་དེ་གའི་འབྲི་གཡག་མང་ཆེ་བ་ཁ་ཐོར་དུ་ཆགས་པའི་འབྲོག་དུད་ཀྱིས་གསོ་ཚགས་བྱེད་པ་དང་། འབྲི་གཡག་མང་པོ་མེད་ལ་ཚོང་ལམ་ཡང་ཧ་ལམ་མེད་སྟབས། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་དཀའ།

    2017ལོའི་ཟླ་9པར། ཏང་དང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་དེ་བཞིན་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཞིང་། གྲོ་མོ་རྫོང་གིས་ཕག་རིའི་འབྲི་གཡག་གསོ་ཚགས་ར་བ་ལྟེ་བར་བྱས་ཏེ། ཕག་རི་གྲོང་རྡལ་དང་ཁམ་བུ་ཤང་དུ་ཕག་རིའི་འབྲི་གཡག་རྒྱུད་སྤེལ་རྟེན་གཞི་བཙུགས་པ་དང་། སྲིད་འཛིན་གྲོང་ཚོ་ཚན་པར་བྱས་ནས་མཉམ་ལས་ཁང(མཐུན་ཚོགས)6བཙུགས་ཁར། བོད་ལྗོངས་ཕག་རིའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་རེད།

    “ང་ཚོས་ཀུང་སི་དང་། མཉམ་ལས་ཁང་། འབྲོག་དུད། རྟེན་གཞི་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ཁྱབ་གདལ་བཏང་སྟེ། གསོ་ཚགས་ཀྱི་ཚད་གཞི་མི་འདྲ་བ་དང་། ལས་སྣོན་གྱི་ནུས་པ་ཆུང་བ། སྤུས་རྟགས་སྐད་གྲགས་མེད་པ་སོགས་ཀྱི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་པ་དང་ཆབས་ཅིག སྤུས་རྟགས་སྐྱེད་སྲིང་དང་འོས་བབ་ཁས་ལེན་དཔང་འདོན་ཧུར་ཐག་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བསྟན་འཛིན་འགྱུར་མེད་ཀྱིས་བཤད།

    མིག་སྔར་ས་ཁོངས་བསྒྲལ་ནས་མཉམ་འགུལ་མཉམ་ལས་བྱས་པ་བརྒྱུད། ཕག་རིའི་འབྲི་གཡག་ཐོན་ལས་དེ་ས་སྐྱ་དང་ཁང་དམར་སོགས་རྫོང་དང་ཆུས་18ལ་ཁྱབ་ཅིང་། མཉམ་ལས་ཁང་མང་པོ་དང་མཉམ་དུ་ཐོན་སྐྱེད་དང་ཕྱིར་ཚོང་ལས་སྟེགས་བསྐྲུན་ནས་ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོས་ཡོད།

    2025ལོར་གྲོ་མོ་རྫོང་གི་ཕག་རིའི་འབྲི་གཡག་ལག་ཡོད་མགོ་གྲངས་ཁྲི་3དང་བཤས་གཏོང་གྲངས་4883ཟིན་ནས་ཐོན་ལས་ཅན་དང་ཚོང་ཟོག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། སླད་ཕྱིན་གྲོ་མོས་སྣེ་འདྲེན་ཁེ་ལས་ལ་བརྟེན་ནས་འཁོར་འབྲེལ་སྣུར་སྲིང་བྱེད་པ་དང་ཆབས་ཅིག རྒྱུད་བཟང་གསོ་སྤེལ་དང་། ལག་རྩལ་ཞབས་ཞུ། སྤུས་རྟགས་འཛུགས་གཏོད་བཅས་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ། ཕག་རིའི་འབྲི་གཡག་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཞིང་དར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་པ་བྱ་རྒྱུ་རེད།

    མཉམ་དུ་ལས་རིགས་དར་རྒྱས་བཏང་ནས་གམ་པའི་ལུག་གསོ་ཚགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    ས་བབ་སྨི་4570ཡི་སར་ཡོད་པའི་གྲོ་མོ་རྫོང་དུད་སྣ་ཤང་རྒུར་རུ་གྲོང་ཚོ་དེ་ཉིད་མཚོ་འགྲམ་དུ་ཆགས་ཤིང་། མཚོ་ཆུའི་ཚྭ་དང་གཟན་རྩྭའི་འཚོ་བཅུད་ཀྱིས་བསྐྱངས་པའི་གམ་པའི་ལུག་གི་ཤ་བྲོ་བ་ཆེ།

    ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་ཆེད། 2016ལོར་རྫོང་གིས་མ་དངུལ་སྤྱི་འདོམས་ཀྱིས་ཚད་ལྡན་ཅན་གྱི་གམ་པའི་ལུག་གསོ་ཚགས་རྟེན་གཞི་བསྐྲུན་པ་མ་ཟད། མཁར་སྐྱིད་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་ཡང་ཐོ་འགོད་བྱས་ནས་བཙུགས་ཡོད། མཉམ་ལས་ཁང་གིས་ན་རན་ལུག་རིན་གོང་ལ་ཕབ་ནས་མ་རྐང་ནང་ཞུགས་རྒྱུ་ཁྱབ་གདལ་བཏང་བ་དང་། མཉམ་ལས་ཁང་གིས་གཅིག་གྱུར་དོ་དམ་དང་བྲིན་ཚོང་བྱས་པ། འཁོར་སྐྱོད་ཚད་ལྡན་དང་ཀུན་གསལ་གཉེར་སྐྱོང་བྱས་ཤིང་། དེའི་རིང་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་རང་ཁྱིམ་གྱི་ལུག་མཉམ་ལས་ཁང་གི་མ་རྐང་དུ་བཞག་ཡོད།

    2017ལོར་རྩྭ་འདེབས་རྣམ་གྲངས་དོན་འཁྱོལ་བྱུང་བ་ལས་དགུན་དུས་ཀྱི་གཟན་རྩྭའི་གནོན་ཤུགས་ཆུང་དུ་ཕྱིན་ནས་གམ་པའི་ལུག་དགུན་སྒྲོལ་ཐུབ་ཚད་ཇེ་མཐོར་སོང་ཡོད།

    ཁྱད་ལྡན་ལུག་གསོ་ཚགས་ཡག་པོ་བྱས་ལ་ཁྱད་ལྡན་ལུག་ཕྱིར་ཚོང་དེ་བས་ཀྱང་ཡག་པོ་བྱས་ཤིང་། མཉམ་ལས་ཁང་གིས་རང་འགུལ་ངང་ཁྲོམ་རར་ཞུགས་པ་དང་ཐབས་ལམ་བཙལ་ནས་སྔ་རྗེས་སུ་བརྒྱུད་ཚོང་ཚོང་པ་13དང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་པས་གནས་གཏན་འཁེལ་གྱི་ཉོ་སྒྲུབ་ཐབས་ལམ་བརྟན་པོ་ཞིག་ཆགས་ཡོད།

    2020ལོར་མཁར་སྐྱིད་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་གིས་སྣེ་ཁྲིད་དེ་མཉམ་ལས་སྤྱི་ཁྱབ་ཁང་དང་། ཡན་ལག་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་མ་ལག་བཙུགས་ནས། རྫོང་ཁོངས་ཀྱི་གྲོང་ཚོ་རིམ་པའི་ཡན་ལག་ཁང་10དང་མཉམ་འགུལ་བྱས་ཏེ་ལོར་ལུག་6000ལྷག་ཙམ་ཉོ་སྒྲུབ་བྱས་ནས་བཤས་བཏང་བ་དང་ཡན་ལག་ཁང་ལ་འབབ་འཕར་སྒོར་ཁྲི་300ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    “གྲོང་ཚོ་ཡོངས་ཀྱི་དུད་ཚང་78ཚང་མ་མཉམ་ལས་ཁང་ནང་ཞུགས་པ་མ་ཟད། དབུལ་སྒྲོལ་དུད་ཚང་12ལ་ཧེ་བག་ཅན་གྱི་ཁེ་སྤོགས་བགོ་བཤའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ནས་དུད་ཚང་ཚང་མས་ཐོན་ལས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་ཡོད། མཉམ་ལས་ཁང་གིས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་200ཙམ་བགོ་འགྲེམས་བརྒྱབ་ཡོད”ཅེས་རྒུར་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་མཉམ་ལས་ཁང་གི་འགན་འཁུར་བ་ལྷག་པ་ཚེ་དབང་གིས་བཤད་པ་དང་། ཁོང་གིས། “ང་ཚོས་ད་དུང་གཞིས་རྩེ་གྲོང་ཁུལ་དང་གྲོ་མོ་རྫོང་གྲོང་དུ་ཐད་ཚོང་ཚོང་ཁང་བཙུགས་ནས་རྒུར་རུ་གྲོང་ཚོའི་གམ་པའི་ལུག་གི་སྤུས་རྟགས་དེའི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་སྟེ་ཡུལ་མི་ཚོའི་ཡོང་འབབ་ལོ་རེ་ལས་ལོ་རེར་མང་དུ་གཏོང་རྩིས་ཡོད”ཅེས་བཤད།

    སྐྱེ་ཁམས་ལ་བརྟེན་ནས་མཐུན་རྐྱེན་སྦྱར་ཏེ་གྲང་ཆུའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ།

    གྲོག་རོང་དུ་རྒྱུག་པའི་དྭངས་གཙང་གི་ཆུ་བོ་དེའི་ནང་གྲོ་མོའི་མཆོག་ནོར་གཞན་ཞིག་སྟེ་གྲོ་མོའི་ཉ་ཀུའེ་ཡུས་ཡོད་པ་རེད།

    ས་གནས་འདི་གར“ཉ་ཁྲ”ཞེས་འབོད་པའི་ས་མཐོའི་ཉ་རིགས་དེ་ཧ་ཅང་དཀོན་པའི་རི་སྐྱེས་ཁྱུ་ཚོགས་རིགས་ཤིག་ཡིན་པ་དང་། མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་རྒྱུ་དེ་སྔོན་མ་སྒྲོལ་དཀའ་བའི་དཀའ་གནད་ཅིག་རེད།

    2017ལོར་རྫོང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བོད་ལྗོངས་ཀའོ་ཧྥེང་སྐྱེ་ཁམས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་གྲོ་མོའི་སྐྱེ་ཁམས་ཐོན་ལས་གླིང་དུ་བཙུགས་པ་དང་འབྲེལ་ལག་རྩལ་འགག་སྒྲོལ་དང་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད། མི་ཐབས་ལ་བརྟེན་ནས་གྲོ་མོའི་ཉ་ཀུའེ་ཡུས་གསོ་སྤེལ་བྱས་པ་རེད།

    ལག་རྩལ་ཡག་ཏུ་ཕྱིན་པ་དང་ཆབས་ཅིག་ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ཀྱང་གསལ་པོ་བཟོས་ཡོད། ཁེ་ལས་ཀྱིས་ཉ་རིགས་སྲུང་སྐྱོང་དང་། ཉ་ཕྲུག་གསོ་སྤེལ། ཐོན་རྫས་ཕྱིར་བསྡུ། ལས་སྣོན་བྲིན་ཚོང་བཅས་ཀྱི་འགན་འཁུར་གྱི་ཡོད་པ་དང་། གྲོང་ཚོ་རིམ་པའི་མཉམ་ལས་ཁང་གིས་ཉིན་རེའི་གསོ་སྤེལ་དོ་དམ་གྱི་འགན་འཁུར་གྱི་ཡོད།

    ཤར་གསིང་མ་སྡེ་ཁུལ་གྱི་གྲོ་མོའི་ཉ་ཀུའེ་ཡུས་གསོ་སྤེལ་མཉམ་ལས་ཁང་ནི་ཐོན་ལས་ཀྱིས་སྐུལ་ཁྲིད་བྱས་པའི་བསྡུས་རིས་ཤིག་རེད། ཁེ་ལས་ཀྱིས་གཅིག་གྱུར་མཁོ་འདོན་བྱས་པའི་ཉ་ཕྲུག་དང་གཟན་ཆག་ལ་བརྟེན་ཏེ་མཉམ་ལས་ཁང་གིས་གྲོ་མོའི་ཉ་ཀུའེ་ཡུས་གསོ་སྤེལ་བྱས་པ་ཁོ་ན་ལས་རིམ་རྩིས་བརྒྱབ་ན་མང་ཚོགས་311ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་དང་2025ལོར་ཡོང་འབབ་སྒོར་ཁྲི་44བྱུང་ཡོད།

    “ཉ་ལས་འཕེལ་རྒྱས་གཏོང་དགོས་ན་སྐྱེ་ཁམས་སྣང་མེད་དུ་འཇོག་མི་རུང” བོད་ལྗོངས་ཀའོ་ཧྥེང་སྐྱེ་ཁམས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྲོམ་ར་པུའི་ཅིང་ལི་གཞོན་པ་ཕུར་བུ་བཀྲ་ཤིས་ཀྱིས། མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཆབས་ཅིག ཀུང་སིས་སྐྱེ་འཕེལ་དང་གློད་གཏོང་གི་ལས་དོན་རྒྱུན་མཐུད་སྤེལ་ནས་ས་གནས་དེ་གའི་རི་སྐྱེས་ཀྱི་ཉ་རིགས་ལ་བདག་སྐྱོང་བྱས་ཏེ་གསར་སྤེལ་ལུགས་མཐུན་ཁྲོད་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོར་སྲུང་གི་ཡོད་ཅེས་ངོ་སྤྲོད་བྱས།

    2025ལོར་ཁེ་ལས་ཀྱིས་གྲོ་མོའི་ཉ་ཀུའེ་ཡུས་ཀྱི་ཉ་ཕྲུག་ཁྲི་158.1གསོ་སྤེལ་བྱས་པ་དང་། སྨད་རྒྱུད་ཀྱི་མཉམ་ལས་ཁང་4ལ་ཉ་ཕྲུག་ཁྲི་136.6མཁོ་སྤྲོད་བྱས་པ། དེ་དང་མཉམ་དུ་སྐྱེ་ཁམས་སླར་གསོ་བྱེད་པར་ཉ་ཕྲུག་ཁྲི་21.5གློད་ཡོད། ལོ་ཧྲིལ་པོར་ཚོང་ཟོག་ཉ་རྒྱ་མ་ཁྲི་4.1ལྷག་ཙམ་ཉོ་སྒྲུབ་བྱས་ནས་རིགས་ཁག་གི་སྐུལ་ཁྲིད་མ་དངུལ་སྒོར་ཁྲི་123.5སྤྲད་པ་རེད།

    འབྱུང་འགྱུར་གྲོ་མོ་རྫོང་གིས་ཆུང་ཡང་ལེགས་པ་དང་། ཆུང་ཡང་རྩེར་སོན་པ། ཆུང་ཡང་ཁྱད་ཆོས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་བསྐྱོད་དེ“མཆོག་ནོར་གསུམ”གྱི་སྤུས་རྟགས་ཇེ་ལེགས་སུ་གཏོང་བ་དང་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་ནས་ཧི་མ་ལ་ཡའི་ལྷོ་འདབས་སུ་མཐའ་དར་དམངས་ཕྱུག་གི་ལེའུ་གསར་པ་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།