ཟླ་བརྒྱད་པར་མེ་ཏོག་རྫོང་གི་གློག་གཏོང་ཚོང་གཉིས་ཀའི་ཟིན་ཐོ་གསར་པ་བཏོད་པ།
གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་8པར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཟླ་བ་རྐྱང་པའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་1212.90དང་གློག་ཚོང་ཚད་ཆུ་ཚོད་ཆན་ཝ་ཁྲི་1099.67ཟིན་ནས་གློག་གཏོང་ཚོང་གཉིས་ཀའི་ཟིན་ཐོ་གསར་པ་བཏོད་པ་རེད། 2026ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་7622.74དང་གློག་ཚོང་ཚད་ཆུ་ཚོད་ཆན་ཝ་ཁྲི་6828.27ཟིན་ཏེ་2025ལོའི་ལོ་ཧྲིལ་པོའི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གློག་དྲ་སྟོབས་ཆེར་གཏོང་བ་དང་དམངས་ལ་ཕན་པ་བསྐྲུན་པའི་ཐད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ས་མཐོའི་གློག་དྲར་མ་འཇོག་བྱེད་ཤུགས་ཆེ་རུ་མུ་མཐུད་བཏང་སྟེ། མང་ཚོགས་ཚོས“གློག་སྤྱོད་ཐུབ་པ”ནས“གློག་ཡག་པོ་སྤྱོད་ཐུབ་པར”སྐུལ་འདེད་བཏང་བ་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་ཐད། མི་མེད་གནམ་གྲུའི་སྐོར་ཞིབ་དང་དྲ་སྦྲེལ་བརྟག་དཔྱད་མ་ལག་སོགས་ཀྱི་གྲངས་འཛིན་ཅན་གྱི་བྱེད་ཐབས་རྒྱ་ཁྱབ་སྤྱད་དེ། མཐོ་གྲང་གསོ་རླུང་དཀོན་པའི་ས་ཁུལ་གྱི་འཁོར་སྐྱོད་སྲུང་སྐྱོང་གི་དཀའ་གནད་བསལ་བ། གནད་སྨིན་མཁོ་སྤྲོད་འགན་ལེན་ཐད། “རྫོང་རེར་སྲིད་ཇུས་རེའི”ཐེག་ཚད་སྔོན་དཔག་དང་སྒུལ་རྣམ་དང་ལེན་ལམ་སྲོལ་བཏོད་དེ། ལས་གྲྭ་གལ་ཆེན་དང་། ཁྱད་ལྡན་ཐོན་ལས། དམངས་འཚོ་དྲོ་སྐྱིད་སོགས་ཀྱི་འགག་རྩའི་གློག་སྤྱོད་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།